Tuesday, September 6, 2011

དགེ་ཆོས་ཀྱི་རྩོམ་གསར་བ།


ཆོས་དང་འཇིག་རྟེན་གཉིས་མེད་སེངྒེའི་ལུས།།

ཆོས་མེད་སྤྱོད་པའི་སྤྲང་པོ་ང་འདྲ་ལ།།

ཆོས་གཏམ་སྨྲ་བའི་འོས་བབས་མ་མཆིས་ཀྱང་།།

ཆོས་ལྡན་རྗེ་བོའི་བཀའ་བཞིན་ཚིག་འགའ་ཞུ།།

སངས་རྒྱས་འཕྲིན་ལས་ཉི་མའི་འོད་ཟེར་དང་།།

སྔོན་སྨོན་བཟང་པོའི་ཆུ་ལུད་འཛོམས་པ་ལས།།

དགེ་བའི་ས་བོན་སྟོབས་ཤུགས་སྨིན་པ་ཁྱོད།།

མངའ་ཐང་རྒྱས་པའི་དཔོན་གྱི་རིགས་སུ་འཁྲུངས།།

དེས་ན་ཁམས་གསུམ་འགྲོ་བའི་བདེ་སྐྱིད་ཀུན།།

འབྱུང་བའི་སྒོ་མོ་སངས་རྒྱས་བསྟན་པ་ལ།།

སྒོ་གསུམ་འབད་པས་སྲི་ཞུ་སྒྲུབ་པ་འདི།།

ལས་སུ་བྱ་བ་ཀུན་གྱི་ཐོག་མ་ལགས།།

གང་དུ་མཁས་དང་གྲུབ་པ་བཞུགས་གྱུར་པ།།

དེ་ན་ལུང་དང་རྟོགས་པའི་བསྟན་པ་གནས།།

ཇི་སྲིད་བཤད་དང་སྒྲུབ་པའི་སྲོལ་གནས་པ།།

དེ་སྲིད་བར་དུ་དམ་པའི་སྐྱེས་བུ་འབྱུང་།།

དེས་ན་དྲི་མེད་བསྟན་པའི་པད་དཀར་ཚལ།།

བདེ་སྐྱིད་དབྱར་གྱི་དཔལ་དུ་གནས་པ་འདི།།

བློ་གསལ་ངང་མོའི་ཁྱུ་ཡིས་རབ་བརྟེན་པའི།།

འཆད་ཉན་འོ་མའི་ཆུ་མཚོ་ཉིད་ལ་རག།

སྡེ་སྣོད་འཆད་ཉན་བྱེད་པའི་མཁས་པ་དང་།།

དེ་དོན་ཉམས་སུ་ལེན་པའི་སྒོམ་ཆེན་གྱིས།།

བཀྲ་ཤིས་ལྷ་ཡི་སྒང་རྒྱུད་ཀུན་ཁྱབ་པའི།།

དགེ་འདུན་སྡེ་གཉིས་སྤེལ་བའི་མཛད་སྒོ་སྐྱོངས།།

མངའ་རིས་འབངས་ཀྱི་རི་བོ་མཐོན་པོའི་རྩེར།།

དཔལ་དང་འབྱོར་བའི་གངས་ཀྱི་ཅོ་པཎ་ལ།།

རྟག་ཏུ་གནས་པའི་མི་རྗེ་གདོང་ལྔ་པ།།

ཡངས་པའི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པར་འཚལ།།

གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་བ་ཡི།།

རིག་འཕྲུལ་ཐབས་ཤེས་གློག་གི་སྒྲོན་མ་ཡིས།།

དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི།།

སྐྲ་སེར་སྤྲེའུའི་རིགས་ལ་ཐུགས་ཟོན་འཚལ།།

ཐོས་བསམ་སྒོམ་པའི་ཞིང་ས་གཤིན་པོ་ལ།།

རང་རིག་རྟོགས་པའི་སྙེ་མ་རབ་འཁྲུངས་པའི།།

དམ་པའི་སྐྱེས་བུ་གང་དུ་བཞུགས་ཀྱང་རུང་།།

ཟོལ་མེད་གཙུག་གི་རྒྱན་དུ་འཛིན་པར་འོས།།

སྐྱ་སེར་གང་ཡང་མིན་པའི་ཆ་ལུགས་ལ།།

ཕྱི་ནང་གང་ཡང་མེད་པའི་ཆོས་ལུགས་ཅན།།

རྒྱ་བོད་བསྐོར་བའི་ཨ་མདོ་ང་འདྲའི་རིགས།།

སྐབས་འགར་དགྱེས་པའི་སྤྱན་གྱིས་བསྐྱངས་པར་འཚལ།།

ཞེས་འབྲུག་བཀྲིས་སྒང་རྫོང་དཔོན་འཕྲིན་ལས་འོད་ཟེར་གྱིས་ངོར་ཨ་མདོ་པ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའོ།།

ཟུར་མཆན། འབྲུག་པ་གྲོགས་པོ་ཞིག་གིས་མཁོ་སྤྲོད་གནང་བའི་རྩོམ་ཡིག་འདིའི་མ་ཕྱི་ལ་མཚན་བྱང་མེད་པས་༼མཁས་དབང་

དགེ་ཆོས་མཆོག་གི་སྙན་རྩོམ་གསར་པ་ཞིག་༽ཅེས་བྲིས་ནས་འགོད་རྒྱུར་ཕྲན་དོལ་སྨྱོན་གྱིས་རྒྱ་གར་ནས་སྤྱི་ཟླ་ ཚེས་ ༡༤ ལ་ཕུལ།

1 comment:

  1. དགེ་ཆོས་ཀྱི་སྙན་རྩོམ་འདི་ནི་གྲོགས་པོ་ཞིག་གི་ཟིན་བྲིས་ལ་བཤུས་པ་ཡིན་ལ། ཤོ་ལོ་ཀ་རེ་གཉིས་ང་ཚོས་ཐོས་ཡོད་པ་འདྲ་མོད། རྩོམ་གྱི་སྤྱིའི་གཞུང་ཁོག་ནི་དེ་སྔོན་བཀླགས་མྱོང་བ་ཞིག་མ་རེད། རྩོམ་འདི་ནི་འབྲས་ལྗོངས་ཀྱི་རྫོང་དཔོན་ཞིག་གི་ངོར་མཛད་པ་ཞིག་རེད་ལ། སྒྲོལ་མ་དབྱངས་འཛོམས་ཀྱི་ངོར་མཛད་པ་དེ་དང་འདི་གཉིས་ཀྱི་འདྲ་ས་ནི། ཡ་རབས་དགེ་བསྐུལ་གྱི་ཕྱོགས་ནས་དང་། དགེ་ཆོས་ཁོ་རང་གི་ཐུགས་འདོད་དང་མཚམས་པའི་མི་གཞི་ཞིག་ཀྱང་བཞེངས་བསྐྲུན་བྱས་འདུག་པས། ཀློག་མཁན་དག་གིས་ཚིག་གི་བཀོལ་སྟངས་ནས་དོན་གྱི་མཐར་ཐུག་བར་དུ་དབྱངས་གཅིག་གིས་ཀློག་པ་མ་ཡིན་པར། ཡང་ནས་ཡང་དུ་བཀླགས་ཤིང་། ཡང་ནས་ཡང་བསམ་གཞིག་གནང་ན་དོན་གྱི་འབྲས་བུ་མི་ཆུང་བ་ཐེ་ཚོམ་མེད་དོ།

    ReplyDelete

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།