Sunday, February 22, 2009

གྲོགས་བསྟན་རབ་ལ་གླེང་བའི་ཁ་བརྡ།

སྟས་དབང་གི་ཐུག་འཕྲད་ཅིག་གིས་ངས་རྩོམ་རིག་གླེང་བའི་གོ་སྐབས་རྙེད་ཡོད། དབྱངས་རྟའི་འདེགས་འཇོག་ཀྱིས་མིའི་སེམས་ཁམས་ལ་སྒུལ་ལྕོག་རྒྱག་པ་བཞིན། སྒྱུ་རྩལ་རྩོམ་རིག་གིས་ང་ཚོ་ཚོར་སྣང་གསར་བ་ཞིག་གི་ངོས་ནས་འཕྱོ་རུ་འཇུག་བཞིན་ཡོད། ནམ་རྒྱུན་རྩོམ་རིག་ལ་དོ་སྣང་ཡོད་པའི་ཀློག་མཁན་ཁ་ཤས་ཤིག་སྒྱུ་རྩལ་རྩོམ་རིག་གིས་སྡུག་ལ་གཏད་ལ་བཞིན་པ་མཐོང་ཡོད་ཚོད། བྱིས་དུས་ཀྱི་སེམས་ཁམས་ཀྱིས་གཉོར་བའི་སྒྱུ་རྩལ་རྩོམ་རིག་ནི་སྐུ་ཞབས་ཧེམ་རི་དེ་སའི་ཕུག་རོན་དེའི་གཤོག་པ་ཟུང་ཞེས་པའི་སྒྲུང་རྩོམ་དེའི་ཚབ་མཚོན་བྱས་ཆོག་སྙམ། གང་ལྟར་རྩོམ་རིག་སྒྱུ་རྩལ་གྱི་ལག་ཆ་མཐོར་འདེགས་བྱེད་དགོས་ན་ཚད་མཐོ་བའི་སྐད་ཆའི་སྒྱུ་རྩལ་ལ་བྱང་ཆུབ་དགོས་པ་རེད། གནའ་དུས་ཀྱི་རྩོམ་རིག་གྲགས་ཅན་གང་མང་ཞིག་དུས་རབས་ཉེར་གཅིག་ནང་ད་དུང་རྒས་མི་འདུག་པ་ནི་སྒྱུ་རྩལ་གྱི་ནུས་པ་སྟེ་ལང་ཚོའི་གཞོན་ཤ་འདི་ཡོད་པས་རེད། འཚོ་བ་དང་ཐག་ཉེ་སར་ཅི་ཙམ་བཅར་ཐུབ་པའི་ཚོད་ཀྱིས་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་རྩོམ་རིག་གི་ས་བོན་འཇོག་སྲིད་པ་ཡིན་པས། གསར་སྐྱེས་རྩོམ་རིག་ལ་དོན་གཉེར་བྱེད་མཁན་ཚོས་སྒྱུ་རྩལ་གྱི་སྣང་བ་དེ་རང་བློས་དཔོག་ཚོད་ཙམ་དུ་བྱས་ཆོག་ཆོག་ཡོད། དཔེར་ན་རྩོམ་རིག་གི་རིན་ཐང་བསྐྱར་བཤད་ཅིག་བྱས་ན། ཁ་སང་གི་ལྕགས་མཚོན་དེ། ཉི་འོད་ཁྲོད་འགྱེལ་འདུག ཅེམ་གྱིས་ཅི་སྙམ་པའི་གཤིས་ཀ་འདི། འདི་ལྟ་བུའི་རྩོམ་རིག་འགོ་བརྩམས་མ་ཐག་ནས་ཁ་སང་དང་ཅེམ་ལྟ་བའི་བྱ་དངོས་ཀྱི་འགྱུར་ལྡོག་དང་ངོ་ཤེས་རྙིང་པ་ཞིག་ལེ་ཡིན་སྙམ་པའི་རྩོམ་གཞི་སྤྱིའི་རིན་ཐང་ཞིག་གསར་དུ་བསྐྲུན་བཞིན་ཡོད་པ་ནི། ཅིས་ཀྱང་དོ་སྣང་བྱེད་དགོས་ས་ཞིག་དང་གནད་འགག་ཅན་ཞིག་ཡིན་པ་རེད། བྱ་དངོས་ཀྱི་འགྱུར་བ་དང་འབུར་དུ་དོད་པའི་སྐད་ཆའི་སྒྱུ་རྩལ་རེ་རེ་བློ་ངོར་ཤར་ཚེ་རྩོམ་འདི་ནི་ང་ལ་བྲིས་འདུག་སྙམ་པའི་དོགས་པ་ཡང་འབྱུང་སྲིད་པ་རེད། འཚོ་བ་དང་ཧ་ཅང་ཐག་ཉེ་བའི་ཞིབ་འཇུག་རིག་པ་འདི་དང༌། རྩོམ་རིག་དངོས་བསྟན་གྱི་སྣང་བརྙན་གསོན་པོ་དག་གིས་ཁྱོད་རང་གང་ཞིག་ཏུ་ཁྲིད་འགྲོ་བ་རྟོགས་ཚེ་ཁྱོད་ཀྱིས་སྒྱུ་རྩལ་རྩོམ་རིག་ལ་གོ་བ་ཞིབ་མོ་ཞིག་རྒྱག་ཐུབ་ངེས་པས། ཅིས་ཀྱང་རྩོམ་རིག་ལ་དོ་སྣང་བྱེད་རོགས། རང་གི་ཆེད་དུ་དང་འཚོ་བའི་ཆེད་དུ་རྩོམ་རིག་ལ་དོ་སྣང་བྱས་དང༌། འཚོ་བ་ལ་དགོས་མཁོ་སྣ་མང་ཞིག་ཡོད་པས་གཅིག་མིན་ན་གཅིག་གི་ཁ་སྐོང་བར་འགྱུར་ངེས།

སྒྱུ་རྩལ་རྩོམ་རིག་ནི་ཅི་ཞིག་ཡིན

Wednesday, February 11, 2009

བྱ་རྒོད་ཀྱི་འཕུར་སྐྱོད།

མཚོན་དང་དྲག་ཆར་གྱི་ཀློང་ན

སུས་ཀྱང་སེམས་ལ་མ་དྲན་པའི་རྒྱ་སྙི་ཞིག

གདུག་རྩུབ་ཀྱི་སེམས་པ་དེའི་ཁ་དོག་ཅི་འདྲའི་ནག་པོ་ཞིག་རེད་ཨང

དྲན་འདུན་གྱི་སྒྲོན་མེ་དེ་ཇི་ལྟར་གསལ་ན་ཡང

མཐའ་དང་དབུས་ཀྱི་དཀྱིལ་འཁོར་གསལ་མ་ཐུབ་རྐྱེན

ཨུ་ཚུགས་ཀྱིས་བསྐྱངས་པའི་ནམ་ཟླ་འདི་དོན་ངོ་མ་སུ་ཞིག་ལ་དབང

གནས་འདི་ན་སུ་ལ་ཡང་གཉའ་སྒ་བསྟད་ཆོག་པའི་དབང་ཆ་ཞིག་མེད་མོད

བླུན་རྨོངས་ཀྱི་ཚོགས་སྡེའི་ནང་ནས

ང་རྒྱལ་གྱི་རང་གཤིས་ཤིག་ལྷང་ལ་འབུད་བཞིན་པ་འདི

དོན་ངོ་མ་སུ་ཞིག་ཡིན

བྲན་གཡོག་སྤྱི་ཚོགས་རོ་ལངས་རྒྱག་པའི་སྔ་སྟས་ཤིག་གིས

ངའི་གཞིས་ཁྱིམ་འདི་ན་ཡང་མི་ཉན་མི་ཆོག་པའི་བཀའ་རྒྱ་ཇི་འདྲ་མང་པོ་ཞིག་ཡོད་པ་རེད་ཨང

ཡིན་ནའང་ཉི་གཞོན་གྱི་ཐུ་འོག་འདི་ནས་

སུ་ལ་ཡང་སྐྲག་སྣང་མེད་པར

ཁྱོད་དང་ང་ད་དུང་ཁོ

དམར་པོ་མེ་ལྕེ་བཞིན་འབར་ལ་འགྲོ

དྭངས་གཙང་ཆུ་མོ་བཞིན་བཞུར་ལ་འགྲོ

འུ་ཚོས་ཁོད་ཡངས་བའི་འཇིག་རྟེན་ཞིག་གི་སྒོ་གླེགས་རྡུང་བཞིན

འུ་ཚོས་མཐའ་མེད་པའི་རང་དབང་ཞིག་གི་སྒེའུ་ཁུང་ཕྱེས་ནས

བླུན་རྨོངས་ཀྱི་ཚོགས་སྡེ་འདིར་ངོ་རྒོལ་བྱེད

གང་ན་གཉའ་གནོན་དང་བཙན་ཤུགས་ཡོད་ན

དེ་ན་ངོ་རྒོལ་དང་དམག་འཁྲུགས་ཡོད

འུ་ཚོས་འདི་ལྟ་བུའི་གནས་ལུགས་ཀྱི་རྒྱབ་ལྗོངས་འཚོལ་བཞིན

འུ་ཚོས་བཙན་གྱིས་བཅིངས་བའི་ལྕགས་སྒྲོག་འདི་ཤུགས་ཀྱིས་གཅོད་ཀྱིན

འདྲ་མཉམ་དང་གུ་ཡངས་ཀྱི་བཞེངས་བའི་འཇིག་རྟེན་དེར་མཉམ་དུ་འགྲོ

འུ་ཚོ་ནི་ཉི་འོད་འཐུང་བའི་བྱ་ཁྱུ་ཞིག་ཡིན་པ་བདེན་ན

ཕ་མས་གནང་བའི་གཤོག་པ་འདི་མཁའ་དབྱིངས་སུ་ཤུགས་ཀྱིས་བཏེགས་ཏེ

ཉི་འོད་བསྒྲིབས་པའི་སྤྲིན་པ་དེ་ཚོ་ཡུན་གྱིས་གཤགས་ཚེ

དབང་བསྒྱུར་མེད་པའི་རིན་ཐང་ཞིག་གི་སྟོབས་ཤུགས་རྙེད་ངེས

དེ་དུས་ཁྱོད་དང་ང་ལ་ཡབ་མེས་གོང་མའི་གནང་བའི་ང་རྒྱལ་འདིས

ལས་དབང་ལྟ་བུའི་བཙན་རྫོང་མཐུག་པོ་དག་ཀྱང

རང་ཉིད་ཀྱི་རྐང་འོག་ཏུ་བརྫིས་ཆོག་པ་ཁོ་ཚོས་ཚོར་ལེ་ཡོད

སྤྱི་ཟླ་གསུམ་པ་གླེང་བ།

སྒེའུ་ཁུང་གི་ཤེལ་ངོས་ནས་ཕྱི་ལོགས་སུ་ལྟ་ཐེངས་རེར

ཆར་བ་འབབ་ཀྱིན་འདུག

རྒྱ་ལམ་གྱི་ནང་དུ་མི་རེ་ཟུང་ལས་མི་འདུག་མོད

འབྲུག་སྒྲ་དེས་སུ་ཞིག་ལ་དམག་འཐབ་བྱེད་པ་བཞིན

ཡུལ་ལུང་དེའི་མཐའ་དབུས་བར་གསུམ་ནས་ཤུགས་ཀྱིས་གྲགས་སོང

ལན་རེར

ཆར་བ་ལ་སུན་སྣང་སྐྱེ་ཞིང

རློན་དྲི་ཁ་བའི་གོན་པ་དེ་དག་རང་ཉིད་ཀྱི་མིན་ན་སྙམ

ཡིན་ནའང་སང་ཉིན་གྱི་ཉི་མ་དྲོན་པོ་དེ་བསམ་ན

རང་ཉིད་རྒྱལ་སོང་བའི་སྣང་བ་ཞིག་དང་ལྷན་སྔོན་ཆད་ཀྱི་སུན་སྣང་དེ་ཡང་རིམ་གྱིས་འཇགས་སོང

རྨི་ལམ་ཐུན་གཅིག་གི་རྗེས་ནས

ངས་དྲན་འོས་པ་མང་པོ་ཞིག་ལ་ཁ་པར་གཏོང་འདོད་བྱུང

བདེ་མོ། ཁྱེད་ཚོ་བདེ་མོ་ཡིན་ནམ

ངས་སྐད་ཆ་དེ་ཕར་བཤད་མ་ཐག་ཨ་ཞང་གིས

དོན་དག་གལ་ཆེན་མེད་ན་ཁ་པར་མ་གཏོང་ད་ལོ་ཡང་ང་བརྒྱད་དང་་་་་་་་་་་་་་

སྐད་ཆ་དེའི་མཇུག་མ་རྫོགས་གོང་ཁ་པར་ཆད་སོང་མོད

ཕ་ཡུལ་དུ་དོན་རྐྱེན་ངན་པ་ཞིག་བྱུང་བ་གསལ་བོ་རེད

ཆར་བ་ད་དུང་འབབ་ཀྱིན་འདུག

མི་ཚོགས་ཀྱི་མིག་ཆུ་ལྟ་བུའི་གདུང་ཡུས་ཤིག་དང་ལྷན་དུ་འབབ་བཞིན་འདུག

སྐབས་དེར་གྲང་ཤུར་ཤུར་གྱི་ཆར་བ་དེས་སུ་ཞིག་ལ་མྱ་ངན་བྱེད་པ་ལྟར

ཤུགས་ཆེན་པོས་བབས་སོང

ཟོ་ཆེན་ཞིག་ནས་ཆུ་འཕོ་བ་ལྟར་བབས་སོང་བས

ཁང་བ་གཡར་མ་དེ་ནས་ཐིགས་ཆུ་ཟགས་འགོ་བརྩམས

རེ་རེ་བྱས་ནས་སེམས་པའི་གཏིང་དུ་ལྷུང་དུས

ངས་ད་དུང་ཕ་ཡུལ་གྱི་དོན་རྐྱེན་དེ་བརྗེད་ཀྱི་མེད

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།

རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།