Showing posts with label འབོལ་རྩོམ་གྱི་སོ་ཚིས།. Show all posts
Showing posts with label འབོལ་རྩོམ་གྱི་སོ་ཚིས།. Show all posts

Sunday, September 18, 2011

ང་དུར་ཁྲོད་ཀྱི་སྙན་ངག་རིང་མོ། ས་སྲོད་ཀྱི་སྙན་ངག


ལེའུ་དང་པོ།
བྱ་ཆེན་ཚང་མལ་རི་བོའི་ཟོམ་དུ་ལུས་སོང་།།
སྲོད་ཀྱི་གླིང་བུ་སྟོང་བའི་དབྱིངས་སུ་བཏབ་སོང་།།
ཁྱོད་ལ་ཐད་ཀར་བཞག་པའི་སྐད་ཆའི་ཁྲོད་ནས།།
ཞེ་འདང་རྗེན་རྗེན་ཞིག་གི་ཁ་དོག་རྙེད་བྱུང་།།

གྲོང་གི་སྲང་དུ་བརྡུང་བའི་ཞབས་བྲོ་དེ་དང་།།
ཡུན་རིང་སེམས་སུ་ཉར་བའི་སྙིང་གཏམ་ཟུང་ཞིག།
ཁྱོད་ཀྱི་གཞིས་ཁྱིམ་དེ་ལ་མགྲོན་དུ་ཆས་དུས།།
སྲོད་ཀྱི་ཉི་མ་བུ་མོའི་མཁུར་ཚོས་འདྲ་བྱུང་།།

ཕྱི་དྲོ་ཉི་མའི་འོད་ལ་དམར་མདངས་མནབས་ཤིང་།།
དགུང་ཁའི་བྱ་ཆེན་དག་གིས་ཚང་མལ་སྙེག་དུས།།
སྔོང་མགོའི་ཤིང་ཏོག་འཐུ་བའི་བུ་མོ་མཐོང་བྱུང་།།
རྔུལ་ཆུ་ཁྲོམ་ཁྲོམ་བཞུར་བའི་ཞལ་ཡང་མཐོང་བྱུང་།།

ཁྱོད་ལ་བཏབ་པའི་ས་བོན་གསོན་ཤུགས་རྒྱས་བྱུང་།།
དེ་རུ་འབུས་པའི་མྱུ་གུ་སྐྱེ་སྟོབས་ཆེ་སོང་།།
ལམ་ཁར་ངལ་གསོ་རྒྱག་པའི་གྲུ་ཟུར་དག་ཏུ།།
ང་ཡི་གསང་བ་བརྡོལ་བས་རི་བོ་འགུལ་བྱུང་།།

བལྟས་ན་གསེར་གྱི་ཞིང་ཁ་མཛེས་མཛེས་འདྲའོ།།
མཐོང་ན་རི་བོའི་ཟོམ་དེ་སྐྱིད་སྐྱིད་འདྲའོ།།
འཇིག་རྟེན་འཁོར་བའི་ངོས་སུ་བཏགས་པ་འདི་དག།
འུ་གཉིས་མཉམ་དུ་འབོད་པའི་ཕོ་ཉ་ཡིན་སོང་།།

ལམ་གྱི་མདོ་རུ་འཛོམས་པའི་ཁ་ཆད་བཞག་ཅིང་།།
ཆུ་ཚོད་དྲུག་པར་ཁ་པར་བརྡ་འཕྲིན་བསྐུར་ནས།།
མཐུན་པའི་ལམ་ཡིག་སྒང་དྲུག་ཡུལ་དུ་འཁུར་དུས།།
ཁྱོད་ནི་དེང་གི་རྗེ་བཙུན་སྒྲོལ་མ་ཡིན་ནོ།།

ལེའུ་གཉིས་པ།
ཁྱོད་ཀྱི་ཕྱག་ཟུང་མཉེན་མོས་བརྡ་ཞིག་བསྟན་ཞིང་།།
འཇམ་པོའི་ངག་གིས་བརྩེ་བའི་སྒོ་མོ་ཕྱེས་ནས།།
ལྷོ་ཕྱོགས་ཉི་མ་ནུབ་པའི་ས་སྲོད་འདི་ལ།།
བག་ཕེབས་འཚོ་བའི་ཟུར་ཞིག་འདི་ལྟར་བསྟན་སོང་།།

ལྗོན་ཤིང་འདབ་ལོ་འཛིངས་པའི་ཁོར་ཡུག་ཀུན་ཏུ།།
སྲོད་ཀྱི་རླུང་བུ་འཇམ་པོ་ཡང་ཡང་འཇུས་ཤིང་།།
ཙད་པའི་སྡུག་བསྔལ་བསྡུ་བའི་ཁྲལ་བ་སླེབས་སྐབས།།
ཕྱི་རོལ་ཡུལ་འདི་ལྷ་ཡུལ་ལས་ཀྱང་མཛེས་སོང་།།

མཚམས་སྤྲིན་གོས་ལ་མནབས་པའི་སྲོད་ཁ་མཛེས་སོང་།།
ཞལ་ངོ་འཛུམ་གྱིས་གང་བའི་གྲོགས་ཁྱོད་དགྱེས་སོང་།།
ལམ་གྱི་གཡས་གཡོན་དག་ནས་བྱེའུ་ཚོགས་ཀྱིས།།
སེམས་ཀྱི་སྐྱོ་བ་སེལ་བར་སྐད་སྙན་བསྒྱུར་སོང་།།

ངེས་མེད་གོམ་ཁ་ནོར་བུ་རི་ལ་བསྒྱུར་ནས།།
ང་ཡི་མགྲིན་པ་ཁྱོད་ཀྱི་འབོད་པར་བསུས་ཤིང་།།
ཕྱག་ཟུང་དྲོན་མོ་བརྩེ་བར་མཉམ་དུ་བརྒྱུས་དུས།།
དབེན་དགོན་དེ་ལ་གསེར་གྱི་རྒྱ་ཕིབས་གཡོགས་འདུག།

མེ་ཧེ་དག་ནི་མཚེའུའི་ཕང་བར་རྩེ་ཞིང་།།
གླང་ངུ་དག་གི་སྒལ་བར་ངང་ཆུང་འབབ་པའི།།
ལྷོད་ལྷོད་འཇམ་པོར་གནས་བའི་སྲོད་ཀྱི་དུས་སུ།།
ངུར་སྨིག་རླུང་ལ་བསྐྱོད་པའི་མཆེད་གྲོགས་སྐྱིད་དོ།།

རྡོ་བའི་ལམ་ནི་གཞིས་གྲོང་མཐའ་རུ་བརྟོལ་འདུག།
དེ་ཡི་འགྲམ་དུ་ཆུ་ཡིས་ཤུར་མ་བརྐོས་འདུག།
ལམ་གྱི་འཐའ་རུ་ཤིང་སྡོང་བསྟར་འཕྲེང་བསྒྲིགས་འདུག
དེ་ཡི་འོག་ཏུ་འཆམ་འཆམ་འགྲུལ་བ་མང་ངོ།།

ཁྱོད་ཀྱི་གཤིས་ཀ་དེ་འདྲའི་ལྷོད་ལྷོད་ཅིག་རེད།།
ང་ཡི་སེམས་ལ་བག་ཆགས་མཐུག་པོ་བཞག་སོང་།།
ས་སྲོད་འདི་ལ་སྙིང་གི་གཏམ་དག་སྨྲས་བས།།
རང་གི་སེམས་པ་མཚོ་ནང་ནོར་བུ་ཡིན་སོང་།།

ཞོགས་པའི་ཆར་བས་ས་གཞིར་ཁྲུས་ཤིག་བསྐྱོན་པས།།
ང་ཡི་མིག་ལམ་དར་ཚོན་སྣ་ལྔ་ཡིན་སོང་།།
ལམ་གྱི་གོམ་ཞེང་ལག་འཇུ་དྲོན་མོས་གཅོད་དུས།།
ཁྱོད་ནི་ལམ་སྣེར་བཞད་པའི་མེ་ཏོག་ཡིན་སོང་།།

ནུབ་ཁའི་ཉི་མ་རི་ལ་སྟོད་ཐུབ་མ་བྱུང་།།
ཉི་མའི་ཞལ་གྱི་དམར་མདངས་མུན་པས་བསྡུས་སོང་།།
ཤར་མཐའི་སྐར་ཆེན་གཞོན་ནུའི་ཚུལ་གྱིས་རྒྱུ་དུས།།
བདག་གི་སེམས་པ་འོད་དང་མེ་ལྕེ་ཡིན་སོང་།།

ལེའུ་གསུམ་པ།
དགུང་ཁའི་སྐར་ཚོགས་སེམས་ཀྱི་གདན་ལ་བཞུགས་ཤིང་།།
དཀྱིལ་གྱི་ཟླ་བ་ཉི་མའི་ཞེ་འདང་བཞག་སྟེ།།
སྲོད་ཁའི་སྙིང་གཏམ་འཆད་པའི་གྲོགས་པོ་དེ་དང་།།
མཚན་གྱི་ཞག་མལ་ཤིང་ནགས་མཐའ་རུ་ལུས་སོང་།།

འདི་ནི་ལས་དབང་ཞིག་གི་བཀོད་སྒྲིག་མ་རེད།།
འདི་ནི་སྟེས་དབང་ཞིག་གི་མཇལ་འཛོམས་མ་རེད།།
སེམས་དང་སེམས་པ་བརྒྱུས་པའི་དམ་ཚིག་ཁ་ལ།།
དགོད་སྒྲ་ཡང་ཡང་མཆེད་པའི་ཁ་བྱང་ཡིན་སོང་།།

མཚན་གྱི་སྨག་གིས་མི་ཚོགས་ཁང་པར་བདས་སོང་།།
ཁྱི་ཡི་སྐད་ཀྱང་ཆུང་ནས་ཆུང་དུ་འགྲོ་སོང་།།
སིར་སིར་འཕུར་བའི་ནགས་ཀྱི་བྱེའུའི་ཚོགས་ཀྱང་།།
ཚང་མལ་ནང་དུ་རྨི་ལམ་རྩེ་རོགས་བསྡུས་སོང་།།

ཀྱེ་མ་ས་ཡི་རླུང་གིས་བྱིལ་བྱིལ་གནང་ཞིང་།།
མུན་པ་ཡིས་ཀྱང་ཁོ་བོར་བགོ་སྐལ་བསྩལ་བྱུང་།།
འདར་འདར་ལག་པས་མདུན་གྱི་རི་ལ་བསྙབས་པས།།
ང་ཡི་ཡོད་ཚད་བདེ་དགའི་དབྱིངས་སུ་འཁྱོངས་སོ།།

ཁུ་སིམ་མཚན་མོ་སེམས་ཀྱི་དབྱངས་ལ་མནལ་ཞིང་།།
རུས་པའི་རྐང་ལ་ཟུག་པའི་ན་ཟུག་དཀྲོལ་དུས།།
ང་ཡིས་རྨི་ལམ་དེ་ཡི་སྙིང་བོ་མཐོང་བྱུང་།།
ལོ་བརྒྱར་རྒས་པ་མེད་པའི་གདངས་ཀྱང་ཐོས་སོང་།།

ནམ་མཁའི་དགུ་ཚིགས་དོ་ནུབ་ལམ་དུ་བྱས་ནས།
སྔོ་ནག་མུན་པའི་ས་གཞི་ཧྲིལ་གྱིས་བཀབ་འདུག།
ཁྱོད་ཀྱི་འཛུམ་ཆུང་དྭངས་མོས་སེམས་པ་ཚིམས་ཤིང་།།
ལུས་ཀྱི་ལན་ཆགས་དག་པས་འགྲུལ་ལམ་བདེ་སོང་།།

སྐྱ་རེངས་ཨ་ཅེ་དགོན་ཀྱིན་དགོན་ཀྱིན་བསླེབས་སོང་།།
གླང་རྫི་རྒན་པོ་དག་ཀྱང་ཞོར་ལ་ཐོན་སོང་།།
ང་ཡི་ལྷིང་འཇགས་རྨི་ལམ་དེ་ནས་སངས་པས།།
ཞོགས་པའི་མཁའ་དབུགས་མི་ཚེ་གསར་བ་ཡིན་འདུག།

མདང་ནུབ་གྲོགས་ཀྱི་བརྩེ་བས་སེམས་པ་བསྐྱངས་ཤིང་།།
ལུས་ཀྱི་བདེ་བ་རང་རང་སེམས་ལ་ཉར་བས།།
ལམ་གྱི་ལྗོན་ཤིང་མགོ་ལྕོག་ལྡེམ་ལྡེམ་བྱེད་ཅིང་།།
ཟུར་གྱི་རྡོ་བ་དག་གིས་ལམ་ཁ་གནང་སོང་།།

ལེའུ་བཞི་པ།
ཁྱོད་ཀྱི་འཛུམ་མདངས་སེམས་ཀྱི་གཏིང་ལ་འཁོར་ཞིང་།།
ནུབ་ཁའི་ཉི་གཞོན་འོག་གི་གདན་ལ་བསམ་གྱིན།།
སྲོད་ལ་བྱམས་པ་བཙལ་བའི་བུ་ཆུང་ཞིག་གི།།
སྐྱོ་བའི་སྐྱོ་གླུ་ཨ་སྔོན་སྤྲིན་རྒྱབ་བསྙེགས་སོང་།།

བུ་མོ་དག་གིས་སྙན་པའི་སྐད་བརྡ་བསྒྱུར་སོང་།།
བྱེའུ་ཆུང་ལ་ལས་སྐྱིད་པའི་གནས་ལམ་བསྒོམས་སོང་།།
བྱ་ཆེན་རི་ལ་འཁོར་བའི་སྲོད་ཁ་འདི་ལ།།
བྱམས་པ་ཁྱོད་རང་མ་གཏོགས་དྲན་རྒྱུ་ཅང་མེད།།

དགུ་ཚིགས་སྐྱ་རེངས་བུ་མོ་ཕར་ལ་སྐྱེལ་ཞིང་།།
ངག་རིག་ཀུན་རྟོགས་ལྷ་མོའི་མཛེས་པ་འཁྱེར་བའི།།
ན་ཉིན་ལོ་དང་བསྡེབས་པའི་ཁྱོད་ཀྱི་མགུར་དབྱངས།།
དོ་ནུབ་དྲན་པ་རྐུ་བའི་ཕོ་ཉར་བསླེབས་སོང་།།

དགུན་མལ་གནས་སུ་ཁྱོད་ཀྱི་རྐང་རྗེས་བབས་སོང་།།
མཚན་མོའི་སྨག་ལ་སླར་ཡང་གསང་འཕྲིན་བསྐུར་ཆོག།
སྐར་ཚོགས་གྲངས་སུ་ཚོགས་པའི་འཇིག་རྟེན་ཁམས་སུ།།
ཁྱོད་ཀྱི་ཞལ་རས་འདྲ་བའི་ཟླ་བ་མཐོང་བྱུང་།།

ཟླ་འོད་མོག་མོག་བསིལ་འཇམ་རླུང་བུས་ཁུར་སོང་།།
ཚོར་སྣང་སྲབ་མོ་མཛེས་པའི་མུན་པར་འཕྱོ་སོང་།།
མི་ཚེའི་སྒལ་གཤོང་འགྲིམས་པའི་རེ་འདོད་དེ་ཡང་།།
ཡུན་གྱིས་བསམ་ན་ཁྱོད་ཀྱི་རྒྱབ་གཟུགས་ཙམ་རེད།།

ལོ་ཟླ་འདི་ལྟར་བཅད་པས་འཚོ་བ་མཐོང་སོང་།།
དེ་ཡི་དབྱིངས་སུ་ཞུགས་པའི་མི་ཡང་མཐོང་བྱུང་།།
ཨ་ཐང་ཆད་པའི་སྐྱོ་གླུ་དབྱངས་སུ་འགུགས་པའི།།
ང་ཡི་ལྷ་དང་ལྷ་མོའི་ཚོགས་ཀྱང་མཐོང་བྱུང་།།

མི་ཡི་མིག་ཟུང་སྒྲིབ་པའི་མུན་པ་དག་ནི།།
འོད་ཀྱི་ཕུང་བོ་ཡུལ་བའི་ཤུལ་དུ་འཚངས་ཏེ།།
སླར་ཡང་འཇིག་རྟེན་བཞེངས་པའི་ངང་ཚུལ་མཐོང་བས།།
ང་ལ་ཡང་བསྐྱར་གསོན་པའི་སྤོབས་པ་རྙེད་སོང་།།

འབའ་ཆུ་ལམ་ལམ་བཞུར་བ་ང་ཡིས་མཐོང་སོང་།།
འབའ་གཞས་ལྷང་ལྷང་གྲགས་པའི་དུས་ཀྱང་བསླེབས་སོང་།
ལུང་པ་ཕར་རྒྱབ་དེད་ནས་རང་ཡུལ་བསྙེགས་ཚེ།།
ང་ཡི་སེམས་པ་ཆུ་ཤེལ་དྭངས་མོ་ཡིན་འགྲོ།།

སྣང་བ་འདི་དག་སྐད་ཅིག་ཡུན་ལ་བསྡུས་ཤིང་།།
དགའ་བ་དེ་དག་རི་མོའི་གཟུགས་སུ་ཕབ་ཏེ།།
རང་ཁང་གྲུ་བཞིར་སེམས་ཀྱི་མེ་ཏོག་བཙུགས་ན།།
དེ་ནི་ལྷ་ཡུལ་ལས་ཀྱང་སྐྱིད་པ་ཡིན་སྐད།
རྒྱ་གར་གྱི་གྲོང་ཁྱེར་ཝཱ་ར་ཎ་སིར་2010.11.2.ཉིན་བྲིས།

Tuesday, September 6, 2011

ལམ་གྱི་ངལ་དུབ་སེལ་བའི་ཆང་།



མཚན་གྱི་སྨག་ལ་བགྲོ་བའི་ལམ་ཞིག་གནང་ནས།།
སྐར་ཚོགས་དཀྱིལ་ལ་ངལ་གསོའི་ལམ་ཞིག་ཕྱེ་ན།།
ང་ཡི་ཡོད་ཚད་སྤྲིན་དང་ཆར་བར་གྱུར་ནས།།
རྒྱུང་བཞུད་གྲོགས་ཀྱི་སེམས་ལ་བྱིལ་བྱིལ་གནང་ཆོག།།

དགུང་ཁའི་མུན་པ་འཇབ་ཀྱིན་འཇབ་ཀྱིན་བསླེབས་སོང་།།
རྩྭ་དང་ཆུ་འཁྱིལ་དཀྱིལ་ལ་ངང་བ་བབས་འདུག།།
དེ་རུ་སྐད་སྙན་སྒྲོགས་པའི་བྱ་ཞིག་མཐོང་བྱུང་།།
དེ་རུ་ཤིང་རྟ་འདེད་པའི་མི་ཡང་མཐོང་བྱུང་།།

རླུང་བུ་འཁྱགས་པས་སེམས་ཀྱི་དྲོད་ཐིགས་བསྡུས་ཤིང་།།
བྲལ་བའི་རྐྱེན་གྱིས་སེམས་ཀྱི་ཕྱག་ཟུང་ལྷོད་དུས།།
ངལ་གསོའི་སྟེགས་བུར་བཞག་པའི་ས་ཚིགས་རེ་ན།།
ང་ནི་ཆེད་དུ་འགྲེངས་པའི་དར་ལྕོག་དེ་ཡིན།།

ཁྱེད་ནི་དགོད་ཀྱིན་སླར་ཡང་རྨི་ལམ་རྨི་སྲིད།།
ཁྱེད་ནི་ངུ་བཞིན་སླར་ཡང་གྲོགས་པོ་དྲན་སྲིད།།
ཕྱི་ན་ཆར་བས་སྒྲོགས་པའི་ཤག་སྒྲ་ཐོས་དུས།།
ཁྱོད་ནི་སླད་མེད་སྔོན་གྱི་དེ་ག་ཡིན་ནོ།།

ཆོས་ཀྱི་རོལ་མོ་མི་ཡི་ངག་དང་འདྲིས་ཤིང་།།
དགོང་ཁའི་མཚམས་སྤྲིན་ཐལ་སྒྲའི་དབྱངས་སུ་བསྐྱིལ་དུས།།
སྔོན་ཆད་མཉམ་དུ་རོལ་སའི་དགོན་པ་མཐོང་བྱུང་།།
དགོན་གྲོང་དཀྱིལ་གྱི་ཤག་ཁང་ཆུང་ཆུང་མཐོང་བྱུང་།།

འདི་ནས་སྐལ་བ་བརྒྱ་རུ་སྨོན་ལམ་གཅིག་ཡིན།།
འདི་ནས་མི་ཚེ་གཅིག་ལ་འདུན་པ་གཅིག་ཡིན།།
འདི་ནས་ཁྱེད་ཀྱི་ཕྱོགས་ལ་རྒྱང་ལྟ་བྱས་ཏེ།།
སེམས་ཀྱི་སྐད་ཆ་འཕྲིན་གྱི་གཟུགས་སུ་ཕབ་ཆོག།།

སེམས་ཀྱི་འོད་ཁང་ཁ་ལ་མགྲོན་པོ་བསླེབས་འདུག།།
མགྲོན་གྱི་དགོད་སྒྲ་ས་གཞི་ཡོངས་ལ་ཁྱབ་འདུག།།
ངག་གི་སྒོ་མོར་ལུས་པའི་རྨི་ལམ་གཅིག་བུ།།
ཁྱོད་ཀྱི་ཕྱོགས་སུ་བཏང་ན་འདི་འདྲ་ཡིན་ནོ།།
ཞེས་པ་འདི་ནི་ང་དུར་ཁྲོད་དུ་འབོད་པས་བརྩེ་བའི་གྲོགས་རླུང་ཡོར་ལགས་རྒྱང་རིང་ར་ཤི་ཡའི་རྒྱལ་ཁབ་ཏུ་བསྐྱོད་དེ་རང་གི་འཁོས་ལ་དཔག་པའི་ལས་ཀ་ལས་དང་ལས་བཞིན་པར་འཕྲལ་ཕུགས་རྒྱང་གསུམ་ལ་སྨོན་ལམ་བཟང་པོའི་འདུན་པ་མཚོན་ཕྱིར་དང་། དེར་མ་ཟད་བྲལ་ནས་ལོ་གཅིག་གི་རིང་ཁ་པར་ཞིག་གཏོང་མ་ཐུབ་པར་དགོངས་དག་ཞུ་ཆེད་རྩོམ་འདི་འདྲ་ཞིག་སེམས་ཀྱི་ཚོར་གདུང་དང་སྦྱར་ཏེ་བྲིས་པ་ཡིན་ལ། སེམས་ཚོར་དྲག་པོ་འདི་དང་བསྡོངས་ཏེ་གྲོགས་པོ་ཉིད་ཀྱི་ཐུགས་ཀྱི་སྐྱོ་བ་མཐའ་དག་མི་དམིགས་པའི་དབྱིངས་སུ་ཞི་བ་དང་། དངོས་མཇལ་ལྟ་བུའི་དགའ་སྤྲོས་ཞལ་གྱི་པད་མ་ཡང་ཡང་དགོད་པར་ཤོག་ཅིག་གུ་ཞེས་སྔོན་གྱི་ལྷ་བཙན་པོའི་བླ་སྨན་དུང་གི་ཐོར་ཅོག་ཅན་ནས་རིམ་པར་བརྒྱུད་པའི་སྨན་པ་གཡུ་ཐོག་གསར་རྙིང་གི་ལུགས་བཟང་དགུང་དུ་འདེགས་པའི་འཚོ་བྱེད་རྒྱལ་པོའི་གདན་ས་འགྲོ་ཕན་སྨན་རྩིས་གླིང་གི་ལས་ཤག་ཏུ་ ༢0༡1.7.༡0 ཉིན་བྲིས་པའོ།།

Saturday, September 3, 2011

ལ་རྒྱག་དགོས་པའི་མི།

ལ་བརྒྱབ་དགོས་པའི་མི།།

བྱང་བོད་ཀྱི་ཡུལ་ལ་ཁ་ཐག་རིང་།།

རྒྱང་རི་བོ་ཞིག་གི་ཕར་ནང་རེད།།

མི་སྐྱོ་བོ་ཞིག་གི་ཕ་ཡུལ་རེད།།

རླུང་བསེར་བུའི་མྱི་ཁ་འབོད་ས་རེད།།

བྲག་དམར་པོ་དགྲ་ལྷ་རང་འཁོར་རེད།།

རྫ་མཐོན་པོ་བང་རིམ་དགུ་བརྩེགས་རེད།།

སྤང་ལེབ་མོ་གོས་ཆེན་རི་མོ་བཀྲ།།

ངས་ད་ནངས་བརྗེད་ཀྱང་དོ་ཞག་དྲན།།

བྱང་རི་བོ་འགུལ་ན་འབྲོང་གཡག་ཞོག།

ནུབ་ཉི་མ་དམར་ན་དགོ་བ་འགྲོགས།།

ལས་མ་དག་འཇིག་རྟེན་འཁོར་བ་ན།།

འདི་ད་ནངས་རྒྱུ་ཡང་དོ་ཞག་མེད།།

མཁར་དམར་པོ་སྲིད་པའི་ཆགས་རི་རེད།།

འགྲམ་ལྕགས་རི་བློན་པོའི་འགྱིང་རི་རེད།།

འདི་མི་བརྟན་བསྒྱེལ་མཁན་གཞན་མྱི་རེད།།

དེ་བཟང་གི་ཟེར་མཁན་བོད་པ་རེད།།

ཆུ་གཙང་བོ་གཡུ་འབྲུག་དགུ་འཁྱིལ་ན།།

སྲོག་མེད་པའི་བེམ་པོ་སྟོང་ཕྲག་ཅིག།

འདི་གང་ནས་ཡོང་བ་ཁྱོས་ཤེས་སམ།།

དོན་ཅི་ཞིག་ལྷག་པ་ཁྱོས་རྟོགས་སམ།།

རི་མཐོན་པོ་ཡོད་ན་རྩེ་མོ་བཅད།།

ས་བཟང་པོ་ཡོད་ན་གཏིང་ནས་བསློགས།།

ཆུ་ས་ཁར་ཡོད་པ་ས་འོག་དྲངས།།

ལས་མི་དག་ལས་མཁན་འདི་ཚོ་སུ།།

གཏམ་པ་བས་མ་བཏང་ཨ་མས་བཏང་།།

ཁྱི་བདག་པོས་མ་བཀག་མགྲོན་པོས་བཀག།

ལས་མ་དག་ལས་ངན་ཁྱིམ་གང་ལ།།

སྡུག་མནར་གཅོད་གཏོང་མཁན་འདི་ཀོ་སུ།།

འདིས་གཡང་ཁྱིམ་ཕུགས་རྟེན་རྫོགས་རྒྱུས་ཟེར།།

འདིས་ལྷས་ཀྱི་གཡང་ཟོག་བཤའ་རྒྱུས་ཟེར།།

སྔོན་སྐྱེས་པའི་ལས་ཤིག་རེད་ཨེ་བསམས།།

ད་སྐྱེས་པའི་སྐྱོན་ཞིག་རེད་ཨེ་བསམས།།

ཡང་མིན་ན་དམྱལ་བ་ན་རག་བྱེད།།

ལས་ཅི་ཞིག་བྱུང་ན་བྱུང་གི་འཇུག།

དེ་མིན་འཁོར་བར་ངོ་ལོག་བྱེད།།

མྱི་རང་གི་བསམ་དོན་འགྲུབ་ནི་བྱེད།།

དོན་ཅི་དགའ་དེ་རིང་གྲོས་ལ་འཇོག།

སེམས་ཕྱི་ནང་མེད་ལ་མདུན་ན་སྟོན།།

གྲོས་ཐག་གཅོད་རྣམ་དཔྱོད་རྩལ་ལ་བྱེད།།

ཕུགས་རང་ཉིད་ཕམ་ཡང་གནོང་འགྱོད་ཅི།།

མྱི་གཞན་པ་སྡུག་ན་སྡུག་ནི་ཡིན།།

གྱོང་རང་གིས་ཁུར་ན་ཁུར་ནི་ཡིན།།

སེམས་ཡ་ཆུང་སྡུག་དེ་གཡས་ལ་འཇོག།

ནང་སྡེ་བའི་གནོན་ཤུགས་གཡོན་ལ་འཇོག།

ད་ཅི་ཞིག་བྱུང་ན་བྱུང་གི་ཆུགས།།

བརྒྱ་སྡུག་ལ་ཐུག་ཀྱང་སྡིག་པ་མིན།།

ལས་ཀླུང་རྟ་དར་ན་དགེ་བ་མིན།།

སེམས་འདི་ལ་དེ་འདྲའི་ཉམས་ཤིག་འཆར།།

སྣང་འཁྲལ་འཁྲུལ་འདི་ཡིས་བསླུས་བསླུས་ནས།།

ངས་དག་པའི་ཞིང་ཞིག་རིག་ནས་འདུག།

མཐོ་ཆེ་ཆེ་འདི་ཡིས་བསྡམས་བསྡམས་ནས།།

ངས་སྐྱིད་ཀྱི་ཡུལ་ཞིག་མཐོང་ནས་ཡོད།།

དེང་དུས་ཀྱི་བཅད་རྩོམ་གསར་མར་འབོད་པའི་སྙན་ངག་འབྲི་བ་ལ་རང་དབང་གི་རྩལ་ཐོབ་པའི་ཉི་མ་ཁ་སྔོན་ནས་བཟུངས། ཁོ་བོས་སྙན་ངག་གི་ཁྱིམ་གཞི་བརྟན་པོ་ཞིག་ཚུགས་སོང་སྙམ་པའི་ཡིད་ཆེས་དབྱངས་སུ་འཐེན་ཡོད་ལ། གྲོགས་པོ་ཁྱོད་ཀྱང་དགའ་སྐྱོའི་རི་མོ་འཐག་པའི་མི་ཚེའི་ངོ་གདོང་ནས་མ་རྒས་པར་སྙན་ངག་གི་ཞིང་ཁམས་སུ་དགའ་བདེའི་དཔལ་གྱིས་མྱོས་པར་ཤོག་ཅིག

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།