Showing posts with label རུས་རྐང་ལས་བཞུར་བའི་སྒྲ་དབྱངས།. Show all posts
Showing posts with label རུས་རྐང་ལས་བཞུར་བའི་སྒྲ་དབྱངས།. Show all posts

Friday, September 30, 2011

རང་ཉིད་བཅད་ཤུལ་ཀྱི།




བརྩེ་བའི་གྲོགས་མཆོག་དམ་པ་སྐལ་རྡོར་ལགས་སུ།

ཉེ་ལམ་ཉིད་ཀྱི་དོན་དག་ཁ་ཤས་གོ་ལ་བདེ་བར་བདོག་པ་གཞིར་བཅས།

ཆེད་ཞུ།

འདྲིས་རིང་སྙིང་གི་གྲོགས་པོ་ཉིད་ས་མཐའ་ནས་མཐའ་རུ་འཁྱམས་ཏེ་རྒྱལ་ཁམས་རིག་པའི་བསྐོར་བའི་སྐབས་སུ། ཉིད་ཀྱི་གྲོགས་མིང་འཛིན་པ་ཁོ་བོ་དུར་ཁྲོད་ཀྱིས་ཀྱང་སེམས་ཀྱི་སྐད་ཆ་ཡི་གེར་ཕབ་སྟེ་ལན་ཁ་ཤས་ལ་སྤྲིངས་པ་འབྱོར་ཡོད་པ་གཞིར་བཞག དེང་འདིར་ ༡༩༦༡ ལོར་སྨན་རྩིས་ཁང་འགོ་འཛུགས་བྱས་པ་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ཆལ་ཆོལ་གྱི་བརྗོད་བྱ་དག་ཡིག་ཐོག་ཏུ་ཕབ་འབྲི་དང་དཔྱད་པའི་ཁུལ་གྱིས་ཟླ་གསུམ་ཙམ་ཐལ་བཞིན་ཡོད་པས། མགོ་བོ་འཐོམ་ཞིང་ཁེར་རྐྱང་གི་རྣམ་པས་གདུང་ལ། གྲོགས་པོ་ཉིད་དང་མཇལ་འདོད་ཀྱང་ཤིན་ཏུ་ཆེ་བས་ད་ལན་ཡང་སེམས་ཀྱི་སྐད་ཆ་ཁ་ཤས་ཀ་མད་སུམ་ཅུའི་སྦྱོར་སྡེབ་དང་བསྒྲིགས་ཏེ་ཕུལ་བ་ཡིན་ན་གྲོགས་ཉིད་ཀྱི་ཁེར་རྐྱང་གི་སྐྱོ་བ་མཐའ་དག་སྟོང་བའི་དབྱིངས་སུ་ཞུ་བའི་རྒྱུ་རུ་གྱུར་ཅིག་གུ།

སྤྱིར་འཇིག་རྟེན་འཁོར་བ་འདིར་མིའི་བསམ་པ་ནང་བཞིན་འགྲོ་བའི་ལམ་འགྲོ་ཞིག་དང་ལས་འཕྲོ་ཞིག་ཕལ་ཆེར་མེད་པ་འདྲ་ལ། བརྒྱ་ལ་སྲིད་ཙམ་ཡོད་ན་ཡང་། ཁ་རྒྱུན་ལ། བླ་མ་ཕེལ་ཆེར་ཕྱུག་པོའི་ཁྱིམ་ལ་འཁྲུངས།། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་ལ་སྐྱེ། །ཞེས་པ་ལྟར་འབྱོར་ལྡན་གྱི་ཁྱིམ་དང་། རང་དབང་གི་རྒྱལ་ཁབ་དག་གི་ཕུགས་དང་འཕྲལ་གྱི་སྐྱིད་འཛིན་པ་དག་གི་དབང་དུ་འགྱུར་བ་ལས། ངེད་ཅག་ལྟར་རང་ཚོད་མ་ཟིན་པར། རྟག་པར་ཁ་རིན་པོ་ཆེའི་ནང་ནས། གཞན་གྱི་བཀོལ་བྱའི་ཁྱི་དང་བྱ། ཟམ་དང་རི་དང་ཤིང་ལ་སོགས་སུ་འགྱུར་བར་སེམས་སྟེང་ནས་སྨོན་པ་དང་སྨོན་ཁུལ་བྱེད་མི་རྣམས་ལ་རེ་བ་དེ་མེད་པ་འདྲའོ། རང་གི་མགོ་ནས་རྐང་བར་ཞིབ་ལྟ་ཞིག་བྱས་ཤིང་། ཆུང་མི་ལོ་བདུན་ཙམ་ནས་ཅིག་སྦྱོང་ཁུལ་བྱས་པ་ནས་ད་ལྟའི་བར་གྱི་ཐོབ་ཤོར་དང་། དར་རྒུད་ལ་བསམ་གཞིགས་རེ་གནང་ན། སེམས་པ་སྐྱོ་བའི་མི་ཚད། གདོང་པ་མཆི་མས་གང་ཞིང་། མགོ་བོ་བྲང་ཁར་ལྷུང་བའི་རྣམ་པ་ཞིག་རང་བཞིན་གྱིས་མི་སྟོན་དབང་མེད་ལ། ཕྱིར་ཕ་ཡུལ་དུ་འགྲོ་བའི་ལམ་ཁ་ཡང་ཡོངས་སུ་འགག་ཚར་བ་གཞི་ནས་ཤེས། ཁ་རྒྱུན་དུ་དབུས་ཕར་འགྲོ་རྩ་ར་ཚུར་ཡོང་དཀའ། ཞེས་པ་ཞིག་ཡོད་པ་དྲན་ནམ། ང་ནི་འདི་ལྟར་ངང་བ་སེར་བོ་འདྲ་བས་བན་ཆོས་མེད་ཅིག་གི་རྣམ་པར་ཐར་བ་བསྐྱངས་པར་སྐྱོ་ཡང་སྐྱོ་ལ། སུན་ཡང་སུན།

རེད། ལྟོས་དང་། ངས་འདི་ནི་ངའི་ལས་དབང་ལ་ངོས་འཛིན་བྱེད་ལ། འཇིག་རྟེན་གོ་ལ་འདིའི་སྟེང་གི་འཚོ་བ་འདིའི་ཟུར་ཞིག་སྟེ། ཁ་དོག་གི་ཆ་དང་མཛེས་སྡུག་གི་ཆ་ེ་ཡང་ཡོད་ངེས་མོད། ལུང་པ་ཁ་བྱང་བལྟས་ཤིག་གི་ནང་སྐྱེས་པའི་མེ་ཏོག་བཞིན་ཡོད་ཚད་མཐའ་མཇུག་གི་ས་ཚིགས་ཤིག་ཏུ་ཐོན་ཡོད་པ་འདྲ།

ཆེན་པོ་དག་ལ་ངོ་བསྲུང་བའི་གཤིས་ཀ་དེ་སྔོན་ནས་མེད་ལ་བསླབས་ཀྱང་མི་ལོབས་པར་མཐོང་བས་གཡུགས་ལ། རང་གི་འདོད་པ་དེ་གཙོ་བོ་བྱེད་བསམ་གྱི་སྤོབས་པ་ཡང་ད་བར་མ་བསླེབས་པས་སྐྱ་མིན་སེར་མིན་གྱི་ཚད་ཅིག་ལ་བསྐྱལ་ཡོད་པ་ཤེས་པས། ད་ལོ་ ངས་ཀྱང་གྲྭ་ས་ནས་ཆེས་མཐའ་མཇུག་གི་དམག་འཁྲུག་དེ་རྒྱག་པར་འབད་བརྩོན་བྱེད་བཞིན་ཡོད་ལ། རེ་བ་དེ་རྫོགས་སོང་ན། སེམས་པ་ཞིག་དལ་དུ་མཇུག་ཐུབ་པ་འདྲ་ལ། ད་དུང་ཡུལ་ཕྱོགས་ནས་ཀྱང་ཕ་མས་སྤྲད་པའི་མགོ་བོ་འདི་གཞན་གྱི་ཕྲག་སྟེང་དུ་ཚུགས་པར་ངོས་འཛིན་པ་འདྲལ། རིགས་མཐུན་ཁྱུ་ཞིག་ཀྱང་དགའ་སྤྲོ་དཔེ་མེད་པ་རེ་སྐྱེ་བར་མཐོང་བས་བཙན་གྱིས་དམག་འཁྲུག་འདི་མི་རྒྱག་ཀ་མེད་ཆགས། དེ་ཡང་ཡིན་ཏེ་ཆུང་དུས་ནས་འབྱར་བའི་གཤིས་ཀ་ཞིག་གིས་ཀྱང་ཞར་ཞོར་ནས་སྐུལ་མ་བཏང་བས། དུས་དེ་ལ་མ་ཐོན་བར་དུ་ཁོ་བོ་སླར་ཡང་འདི་ནས་གནས་མལ་སྐྱོང་དགོས་པ་འདྲའོ།

རེད་དེ། གྲོགས་པོ། ལན་ཆགས་ཤིག་ཏུ་བརྗོད་ཆོག་གམ། ལས་དབང་ཞིག་ཏུ་ངོས་འཛིན་ཆོག་གམ། སུས་ཀྱང་རང་ཉིད་ཀྱི་ཕུགས་འདུན་ང་འཚོལ་སྙེགས་ལ་འབྲས་བུ་རེ་སྨིན་པར་འདོད་བཞིན་ཡོད་མོད། སྲིད་པ་ཙམ་གྱིས་ད་གཟོད་རང་གི་འདོད་པ་དེར་ལོངས་སྤྱོད་ཐུབ་པ་ལས། འདོད་པའི་འབྲས་བུ་དང་རང་ཉིད་ཀྱི་བར་ཐག་ན་སངས་རྒྱས་ཀྱིས་ཀྱང་ཚད་འཇལ་མི་ཐུབ་པའི་གསང་བ་ཞིག་ཡོད་པ་འདྲ་བས། ད་ནས་བཟུང་མི་ཚེ་ཐུང་ཐུང་འདི་ལ་འཆར་གཞི་ཆེན་པོ་འཐེན་པའི་རེ་བ་དེ་ཡང་མེད་ལ། གང་དགའ་གང་སྐྱིད་ཀྱི་གནས་ཤིག་ཏུ་ལྷོད་ལྷོད་ཀྱིས་འཆམ་འཆམ་རེ་བྱས་ཏེ་ མི་ཚེའི་ཁྲལ་ལས་འདི་མཐའ་རུ་སྐྱེལ་འདོད་ཀྱི་འདུན་པ་སྐྱོ་ལྷང་ངེ་བ་ཞིག་ལས་ཅི་ཡང་མེད། འདི་ནི་ངའི་མི་ཚེ་གང་འཚམ་ལ་སློབ་གཉེར་བྱས་པའི་འབྲས་བུ་རེད་ལ། སྙིང་སྟོབས་ཀྱིས་སྟོང་བའི་གཤིས་ཀ་འདི་ཡང་མཇེ་རྙིད་པ་ཞིག་དང་མི་ནད་པ་ཞིག་གི་ངང་ཚུལ་ཨ་ན་མ་ན་རེད། གོ་རིམ་ཚད་ངེས་ཅན་ཞིག་སྒང་ནས་བལྟས་ན་བར་སྐབས་ཤིག་ནས་རང་གི་མདུན་ལམ་དང་རང་ཉིད་ཀྱི་བར་ཐག་ལ་ཁྱོན་ནས་བསམ་བློ་གཏོང་མ་མྱོང་༽ཟེར་བའི་སྐད་ཆ་འདི་ཁྲི་སྟོང་ཞིག་བཟླས་ཀྱང་ལར་ནས་མ་རྟོགས་པ་ནི་གོ་རིམ་སྟེ། ཐེམ་པ་འོག་མ་ནས་ཐེམ་པ་སྒང་མ་བརྒལ་བ་དང་། ཕྱི་ལོགས་ནས་ནང་དུ་འཛུལ་བ། ཆེན་པོ་ནས་ཆེ་རུ་འཚར་བ་སོགས་གོ་རིམ་ངེས་ཅན་ཞིག་གི་རྒྱས་བཏབ་སྟེ་འདུག་ལ། འདོད་པ་དང་ཧམ་པ་ཆེ་བས་ཕན་ཐོགས་ཅི་ཡང་མེད་པ་ནི་གོ་རིམ་གྱི་རྒྱ་འདི་ཁོ་ན་ཡིན་པ་འདྲ། ཁྱེད་ཀྱིས་སོམས་དང་། རྐ་ནར་ནར་ཞིག་གི་ནང་ཆུ་ནར་ནར་ཞིག་བཞུར་ངེས་ལ། ཤུལ་གོར་གོར་ཞིག་གི་ནང་ཆུ་གོར་གོར་ཞིག་འཁྱིལ་ཡོད་པ་མ་ཡིན་ནམ།༼འདི་ནི་གཏན་ཚིག་དང་རྡོ་རྗེ་བཀའ་རྒྱ་ལྟ་བུ་ཞིག་རེད་འདོད། ལས་ཀ་གང་ཞིག་ལ་ཡང་གོ་རིམ་ཞིག་དགོས་ནི་རེད།༽ འདི་ལྟར་དབྱིབས་དང་འདྲ་བའི་འབྲས་བུ་ཞིག་འབྱུང་ཚུལ་འདིས་ཀྱང་གཉའ་མ་མ་ཚ་བར་བུ་མི་སྐྱེ་བ་དང་། དཀའ་ལས་མ་བརྒྱབ་པར་འབྲས་བུ་མི་འབྱུང་བར་གསལ་འདེབས་གཏོང་བཞིན་པ་ཡོད་པ་རེད། དེ་རིང་དང་ཁ་སང་གཞི་ནས་ཞིབ་འདང་དང་བསམ་གཞིགས་གཏོང་བཞིན་ཡོད་ལ། ལས་སྐལ་གྱི་ཁུར་ཙ་དེ་ཡང་འཚམས་འདི་ནས་ཐང་ལ་འཇོག་པར་འདོད།

གལ་ཏེ་མ་བྱས་པ་དང་མ་འགྲིག་པ་ནི་རང་ངོས་ནས་ཤེས་ཚོད་དེ་ཙམ་གྱིས་མི་ཚད་ན་ཡང་ཐང་མོད། ངོས་ནི་རང་གི་སྐྱོན་ཆ་དང་པོ་ནི་འདི་ལྟར་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་དང་། གོ་རིམ་མ་ཤེས་པའི་གནད་འགག་འདི་ཁོ་ནར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཞར་ཞོར་དུ་གྲོང་གསེབ་ཁུག་ཀྱོགམིང་ལ་དགོན་པ་བཏགས་པ་ཁ་ཤས་ནས་ཀྱང་ལོ་ཡི་ཕྲེང་ཐག་ཁ་ཤས་མི་འདོད་བཞིན་དུ་ཡལ་སོང་བས། ཆེན་པོ་དག་གི་འགྲོས་དང་མཉམ་པའི་སྐད་སྒྲ་ནི་ཕར་ཞོག་རང་མཉམ་སྐྱ་སྟོང་དག་ལས་ཀྱང་ཆེས་སྡུག་པའི་ཚད་གཞི་ཞིག་ཏུ་ལྷུང་ནས་ཡོད། རེད་དེ། འདས་པ་ནི་དེ་འདྲ་ཞིག་རེད་དེ། རྗེས་མའི་འཚོ་བའི་ཐད་ངས་ཀྱས་སྔོན་ཆད་ལོ་གཞོན་གྱི་སྣང་བ་བཙན་པོས་བསླངས་པའི་ཕུགས་འདུན་དེ་འདྲ་དང་། ཆེན་པོ་དག་གིས་ཁད་ཀྱིས་གཅོད་པའི་ནམ་འཕང་དེ་འདྲ་མི་འཛིན་པ་ལས། རང་ཉིད་གཅིག་བུའི་གང་དགའ་གང་སྐྱིད་བྱས་པའི་འཚོ་བ་རལ་པོ་འདི་དང་། ཡུན་རིང་སྙིང་ལ་བཅངས་ནས་བདག་ལ་ེར་བའི་ཕ་མ་གཉིས། མི་ལོ་ཉེར་བདུན་ལ་གང་ཞིམ་གང་མངར་ཟོས་པའི་ཟས་རིན་སོགས་ཀྱི་དོད་ཙམ་ཞིག་འཇོག་པར་འབད་བརྩོན་མུ་མཐུད་བྱེད་ངེས་ལ། ད་ལྟའི་འཚོ་བ་ལས་ལོག་པའི་ངོས་གཞན་ཞིག་དང་ཟུར་གཞན་ཞིག་ནས་འདོད་མོས་དང་སྟབས་བསྟུན་གྱིས་འབྲས་བུ་ཞིག་ལེན་པར་ཤུགས་ཀྱིས་གཞིག་གིན་ཡོད་ལ། དེ་ལྟ་བུ་ཞིག་བརྒྱུད་པར་གོ་རིམ་གང་འདྲ་ཞིག་བརྒྱུད་དགོས་པར་སྔོན་ཚུན་ནས་གྲ་སྒྲིག་དང་ལམ་ཁ་བཟོ་བཞིན་ཡོད་པས། ཆེན་པོའི་རྐང་འོག་ཏུ་ཟགས་པའི་དམའ་བ་ང་ཡང་ད་དུང་མགོ་འཕང་མཐོན་པོའི་ངང་ཚུལ་ནི། ཁ་རྒྱུན་དུ། ཁ་དཀར་རྐྱང་དང་ཅང་ཤེས་རྟ། ། ཤི་ཡང་མགོ་བོ་མི་དམའ་བ།། འཆི་བར་སྐྲག་པ་མི་ཡིན་ཏེ།། ཅང་ཤེས་ཡོངས་ཀྱི་དཔའ་ཚུལ་ཡིན་ཞེས་པ་ལྟར་རོ།

ཨོ་རེད། ད་དུང་བཤད་དགོས་པའི་སྐད་ཆ་ཚིག་གཅིག་ལྷག་ཡོད་པ་ནི། ཉིད་ཀྱང་ས་མཐའ་ནས་འཚོ་གྲང་ཤུར་ཤུར་ཞིག་རོལ་ཀྱིན་ཡོད་སྐབས་༼དགའ་སྤྲོའི་ཁེངས་པའི་དུས་ཀྱང་ཡོད་སྲིད་མོད་འདིར་གླེང་མེད།༽ཁེར་རྐྱང་གི་སྣང་བ་དང་ཡོད་ཚད་འཕྱི་སོང་བའི་སེམས་ཚོར་དྲག་པོ་རེ་སྐབས་རེ་བསྟུན་མུར་བྱུང་ཡོད་ངེས་ལ། དེ་དང་དེ་དག་གི་སྐབས་སུ་ཡང་ཅིས་ཀྱང་ཡིན་ངེས་པ་ནི་འོག་ནས་སྒང་དུ་འགྲོ་བའི་གོ་རིམ་དང་། མཐོ་ས་ནས་དམའ་སར་སྟུག་སེ་ལྷུང་འགྲོ་བའི་རྒྱུ་མཚན་འདི་ཡིན་ཁོ་ཐག་ཡིན་པས། སྐབས་བསྟུན་གྱི་བསམ་བློ་དང་སེམས་ཚོར་དེའི་དབང་དུ་མི་གཏོང་བར་ད་ནི་བྱ་བའི་ལས་སུ་ཧར་གྱིས་འཇུ་རིག་སྟེ། འཚོ་བ་གསར་བ་ཞིག་གི་འགོ་བཙུགས་ཟིན་ལ་གསར་དུ་བཙུགས་པ་ཡང་ཡིན་པས། འབད་པས་བསྐྱངས་པའི་མི་ལོ་བཅུ་ལྷག་གི་གྲུབ་འབྲས་དོར་ཤུལ་ནས་ཡང་བསྐྱར་འགྲེང་བཞིན་པའི་རྣམ་པ་ཞིག སྤྱི་ཚོགས་འདི་དང་ཁད་ཉེ་བའི་ཡུལ་མི། རེ་བལྟས་འཆའ་བའི་ཕ་མ། རྒྱབ་ཏུ་འགྲེང་པའི་གྲོགས་པོ། དེ་དང་ལྟ་བུའི་གནོན་ཤུགས་ཀྱི་ར་བ་ཞིག་བརྒལ་བའི་སྟ་གོན་ཡོད་ཀྱང་ངེས་ལ་ཡོད་ཀྱང་དགོས་པ་ཁོ་བོའི་སྐད་ཆ་ཐ་མ་སྟེ། བློ་ཡི་གཏིང་ལ་སིམ་སིམ་མི་འབབ་ཀྱང་དཔྱད་པའི་ངོས་ལ་ཁད་ཀྱིས་ལྷུང་བའི་ཡིད་ཆེས་དགུ་བརྩེགས་དང་བཅས་གནས་མཆོག་ཛ་ལན་དྷ་ར་དང་ཁད་ཉེ་བའི་གངས་སྐྱིད་གཤོངས་ཀྱི་རང་ཤག་ཆང་ཁང་ནག་པོ་ནས་ང་དུར་ཁྲོད་ཀྱིས་སྤྲིངས་པའོ།

སེམས་འདི་སྐྱོགས་ཀྱིས་མ་བཅུས་ཤིང་།།

ལུས་འདི་ཚོན་གྱིས་མ་བསྒྱུར་མོད།

ངལ་བས་བསྐྲུན་པའི་རིན་ཐང་ནི།

རྐང་པ་བརྡར་བའི་ཤུལ་ཙམ་མོ།།


རང་གི་སེམས་ཀྱིས་མ་བཏང་ཞིང་།།

ད་དུང་དུངས་ཀ་ཆེ་བའི་གྲོགས།།

གང་ན་བཞུགས་པ་དེའི་དྲུང་དུ།།

རྒན་པོའི་སྐད་ཆ་འདི་བསྐུར་དོ།།


20༡༡.༩.༣༠ ཉིན།

Monday, September 19, 2011

མགོ་ལ་མགོ་ཡི་ལྟ་ཚུལ་དང་། རྐང་པ་རྐང་པར་འདུག་ས་ཞིག་དགོས།


འཇིག་རྟེན་ནས་གླུ་ཞིག་ལེན་པའི་སྟ་གོན་ཡང་ཡང་བྱས་མོད། མགྲིན་པ་ཞིག་བསལ་ཅིང་། ཉམས་འགྱུར་ཞིག་བཟོས་ཚར་དུས། ཆུ་ཚོད་ནི་རྒྱུན་མཐུད་ནས་འགྲོ་བའི་རྒྱུ་མཚན་རྟོགས་ལ། གོ་རིམ་ཞིག་དང་རྨང་གཞི་ཞིག་མེད་ན། དར་ལྕོག་དེ་རི་བོའི་རྩེ་ནས་རླུང་གིས་བསྐྱོད་མི་སྲིད་ལ། འཛུབ་མོ་འགུལ་སྟངས་ཙམ་གྱིས་གླིང་བུ་ག་འདྲ་ཞིག་གྲགས་ཀྱིན་པའང་རྟོགས་མི་སྲིད་དོ། ཡོོད་ཚད་ལ་འགུལ་སྟངས་ཤིག་དང་གོ་རིམ་ཞིག། ཉམས་མྱོང་ཞིག གནས་ལུགས་ཤིག་ཡོད་དཔེ་ན། ཁྱེད་རང་ཐེམ་པ་འོག་མ་མེད་པའི་ཐེམ་པ་སྒང་མ་ཞིག་ལ་འགྲོ་འདོད་ཡོད་ཀྱང་། དེ་འདྲ་ཞིག་ད་དུང་ཡིན་པ་མི་སྲིད་པའི་ཤེས་བྱའི་གྲས་ན་མ་གཏོགས་མི་འདུག་གོ།

རང་ཉིད་ལ་མགོ་མཇུག་མེད་ཀྱང་རུང་སྟེ། ཁྱོད་ལྟ་བུ་ཞིག་གིས་ད་དུང་འཇིག་རྟེན་གྱི་འཁོར་ཕྱོགས་བསྒྱུར་མི་བཏུབ་ལ། ཡིན་ལུགས་ཀྱི་བདེན་པ་ནི་དེ་བས་ཀྱང་བཤིག་མི་ཐུབ་བོ། ཐམས་ཅད་ལ་མགོ་མཇུག་ཡོད་མེད་ནི། གོ་རིམ་ཞིག་གི་ངོས་ནས་བལྟ་དགོས་ལ། གཙོ་སྒྲུབ་ཅིག་གི་ངོས་ནས་ཀྱང་བརྡར་དགོས། རྒྱུ་མཚན་ཞིག་འཆད་རྒྱུ་ཡོད་པས་མི་ཆོག་པར། མངོན་སུམ་ཞིག་སྟོན་རྒྱུ་ཡང་ཡོད་དགོས་པས། ལྷ་སྒྲུང་ཞིག་བཟོ་ཤེས་པས་མི་ཕན་ལ། མང་པོ་ཞིག་ཁ་མཐུན་པས་ཀྱང་མི་ཆོག་གོ།

ཁྱོད་ལ་ཡང་རྒྱུས་མངའ་ཡོད་ངེས་པ་ནི། རང་གི་ལག་པའི་ཕྱི་ནང་དང་སེམས་ཀྱི་འདོད་ཕྱོགས་དེ་ཡིན་པས། ཆེན་པོ་ཆེན་པོ་ཞིག་བཤད་ནས་མི་ཕན་ལ། ཆུང་ཆུང་ཞིག་ཡིན་པས་ཀྱང་མི་གཏོང་བ་ནི། འཆི་བ་ལྟ་བུའི་སྡོམ་ཚིག་འདི་དག་ཡིན་པས། ཁྱོད་ལ་ཕྱི་མའི་རྣམ་བཤད་མེད་ཀྱང་ཆོག་མོད། ལན་ཞིག་ངེས་པར་འདེབས་དགོས་པ་ནི་དྲི་བ་འདི་ཙམ་མ་ཡིན་པར་ཧ་ཅང་མང་བས། བཙུར་ནས་ཁུགས་མ་དང་། དེ་ཡང་རླུང་ལ་མ་སྤུར་བར་གོ་རིམ་ཞིག་གི་ར་བ་འདི་བརྒྱུད་པ་ཤེས་སམ། གོ་རིམ་ནི་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཡིན་པས། བྲེལ་འཚུབ་དང་ལྷོད་གཡང་གིས་བར་མི་ཆོད་པར། ཆུ་བོ་བཞིན་རྒྱུན་གྱིས་དང་། ཡུན་གྱིས་བཞུར་བཞིན་ཡོད་དོ།

གཤིས་འདི་བསྐྱུར་བས་མི་འགྱུར་ཞིང་།།

ཤ་འདི་རུས་པ་མ་ཡིན་པས།།

ངལ་བའི་སུག་རྗེས་རེ་རེ་ནི།།

ཁྲག་དང་མིག་ཆུས་ཉོས་པ་ཡིན།།

Tuesday, September 13, 2011

བྱང་ཐང་གི་དུར་ཁྲོད།



Wednesday, August 03, 2011

3:59 AM

ང་ནི་བྱང་ཐང་གི་དུར་ཁྲོད་ཅིག་ཡིན

ཇི་ཙམ་གྱིས་ཚད་མ་བཟུང་བ་དེ་སྲིད་དུ

ང་ལ་འཇིགས་ཡེར་ཡེར་གྱི་རྨི་ལམ་མང

སྟོང་ཞིང་དབེན་པའི་ས་སྲོད་ཀྱི་རླུང་བ་འཇགས་དུས

ང་ནི་སྔར་བཞིན་བྱང་ཐང་གི་དུར་ཁྲོད་དེ་ཡིན

བརྩེ་ལྡིང་གི་ལག་ཟུང་སྔར་ནས་འཁྱགས་ཡོད་ཟེར་སྐད

རིག་འཛིན་བུ་མོའི་ཞལ་རས་སྔར་ནས་ནོགས་ཡོད་ཟེར་སྐད

ཀྱེ་ དེ་ནི་ཟེར་སྒྲོས་ཤིག་དང་རྟོག་བཏགས་ཀྱི་སྨུག་པ་འཁོར་བ་ཁོ་ན་སྟེ

དུར་ཁྲོད་ན་ད་དུང་གླིང་བུ་གཏོང་བའི་ན་གཞོན་ཡོད

ད་དུང་ཁ་སང་ལྟ་བུའི་རྨི་ལམ་ཡོད

ལག་ཟུང་འདར་འདར་གྱིས་དེ་རུ་བསྲིངས་ན

དེ་ན་མི་ཡུལ་གྱི་མིག་ཆུ་གཞལ་བའི་གཏམ་རྒྱུད་ཡོད

ལག་མཐིལ་གྱི་ཕྱི་ནང་གང་རུང་ནས

སྒྲ་དབྱངས་དང་ན་ཟུག་བསྡོངས་ཏེ་བཞུར་བ་མཐོང་དུས

བྱང་ཐང་གི་དུར་ཁྲོད་ན

རྒོད་པོ་འཕུར་བའི་ནམ་མཁའ་དང་ས་གཞི་ཡོད་པ་རྟོགས་པར་གྱིས་དང

མུད་པར་མི་འགྲོ་བའི་མྱི་ཁ་ནི་སེང་རས་ཀྱིས་བཏིམས་པའི་སེམས་པ་ཞིག་ཡིན་པ་མཁྱེན་སྲིད་དོ

Saturday, September 3, 2011

རྒྱ་སྒོ་མེད་པའི་སེམས་པ་ཞིག་ལ།

ཀྱེ་མ་དེ་རིང་འཇིག་རྟེན་ཤིན་ཏུ་མཛེས།།

སྤྲིན་པའི་རྒྱུ་ཕྱོགས་འདི་ཡང་སྙིང་དུ་སྡུག།

སེམས་སོང་གྲོགས་པོ་ཁ་ཐག་རིང་ན་ཡང་།།

ཡར་རྒྱབ་སྤྲིན་པའི་འོག་ཏུ་ཐུག་གམ་སྙམ།།

མདང་ནུབ་རྨི་ལམ་ནང་དུ་ལྷན་འཛོམས་གནང་།།

ཡུན་རིང་སེམས་ཀྱི་སྐྱོ་སྡུག་རྫོགས་པར་བྱས།།

ཕན་ཚུན་མཐུན་པའི་སྐྱེས་ཀྱང་འདེགས་རེས་བྱས།།

དགའ་བའི་མཆུ་སྒྲོས་དེ་ཡང་སྦྱར་བ་རྨིས།།

ཨ་ཙི་ཟུར་མིག་ཞེ་དྲག་རྣོ་བ་ལ།།

ཨེ་མ་སྙིང་གཏམ་རྣ་བར་སྙན་པ་ལ།།

བདག་གི་ལུས་སེམས་ངལ་དུབ་སངས་ནས་ཐལ།།

ལོ་གསུམ་སྙིང་གི་རི་མོ་འགྲུབ་ནས་ཐལ།།

ད་ནངས་རྨི་ལམ་ཉི་མས་ཕར་ལ་བསྐྱལ།།

དྲན་པའི་རི་མོ་འོད་ཀྱིས་ནང་དུ་བཅུག།

སེམས་སོང་སྐྱ་རེངས་བུ་མོས་ཕར་ལ་བསུས།།

དྲན་པའི་དྲན་ཤིང་སླར་ཡང་སྙིང་ལ་བཙུགས།།

རྨི་ལམ་ཡིན་ཡང་ཚོར་བ་སྐྱིད་ནས་བྱུང་།།

མངོན་སུམ་མིན་ཡང་སེམས་པ་འགུལ་ཏེ་བྱུང་།།

མདང་སུམ་རྨི་ལམ་ནང་གི་བརྩེ་བ་དག།

དོ་ནུབ་ཡང་བསྐྱར་རྨི་བའི་སེམས་ཤིག་བསྐྱེད་ཡོད།།

ཡར་བལྟས་སྤྲིན་ཡང་སེམས་སོང་ཕྱོགས་ལ་འགྲོ།

སྒྲ་དབྱངས་དག་ཀྱང་སེམས་སོང་ཕྱོགས་ནས་གྲགས།།

སྤྲིན་པར་ལྟ་ཐེངས་རེ་ལ་སེམས་སོང་དྲན།།

སེམས་སོང་མི་དེའི་འཚོ་བ་སྐྱིད་དམ་བསམས།།

ལོ་ནི་རྒས་ཤིང་རྒས་ཤིང་མཇལ་ན་འདོད།།

མཇལ་དུང་སྙིང་གི་དཀྱིལ་ནས་འཁྱུད་ན་འདོད།།

ལུས་པོ་སེམས་ཀྱི་རྒྱབ་ཏུ་ལྷག་ན་ཡང་།།
སེམས་ཀྱི་ཟུར་ཞིག་སེམས་སོང་གམ་དུ་རྒྱུ།།

ཀྱེ་མ་འཇིག་རྟེན་འཁོར་བ་ཇི་འདྲའི་མཛེས།།

དེ་རིང་ཚོར་སྣང་དག་ཀྱང་ལྷག་ཏུ་རྒོད།།

སྤྲིན་གྱི་རི་མོ་དབང་བོའི་འཇའ་རིས་སོགས།།

ཐམས་ཅད་སྐད་དུ་བརྗོད་ན་བྱམས་པ་ཉིད།།

བཟའ་བ་ཁྱིམ་གཅིག་ལས་ཤིག་མེད་ཀྱང་དྲག།།

སེམས་པ་དུང་བའི་རྟེན་ཞིག་བྱས་ན་འགྲིག།

ལར་ནས་རང་གཞན་གཞོན་པའི་སྣང་བ་འདི།།

གྱེས་པའི་དུས་སུ་རྡོ་རྗེ་མདུད་པར་སྣང་།།

ང་ནི་དགའ་ཞིང་སྤྲོ་ཞིང་བྱམས་པ་བྲིས།།

ང་ནི་སྐྱིད་ཅིང་སྡུག་ཅིག་བྱམས་པ་གླེང་།།

ཐོག་མའི་དགའ་སྐྱོ་འཕྱུར་བའི་འཇིག་རྟེན་ན།།

ད་ནི་ཞེན་ས་བྱམས་པ་ཁྱེད་རང་ཙམ།།

ང་ནི་འདི་ལྟའི་མི་རྐྱང་སྐྱིད་པོ་ཞིག།

ང་ནི་འདི་འདྲའི་བཙུན་པ་ཁྲེལ་མེད་ཅིག།

མི་ཚེ་འདི་ཡི་ཕྱི་མཐའ་རྫོགས་པ་ན།།

ངོས་ཀྱིས་ཁྱེད་ཉིད་བསྣམས་ཏེ་སོང་ན་བསམས།།

ཞེ་དྲག་རིང་བོ་མི་འགོར་འཛོམས་ནས་ཡོང་།།

ཧ་ཅང་གདུང་བ་མི་དགོས་སྐྱིད་ནས་ཡོང་།།

མི་ཚེ་ད་ཐེངས་འདི་ལ་ཨ་ཅང་ཅང་།།

གདོད་ནས་འདྲིས་བའི་ཉམས་ཤིག་མི་འདུག་གམ།།

བདག་གི་བརྩེ་བའི་རྒྱ་ཁྱོན་འདི་ཙམ་བསྐྱངས་ནས།།

གཞོན་པའི་སེམས་པ་སླར་ཡང་རྒས་སུ་མ་བཅུག།

གསར་འགྲོགས་སེམས་ཀྱི་ཚོར་བ་ལམ་ལམ་དེ་ཡང་།།

ཤི་བའི་རྗེས་སུ་མི་དེའི་སྙིང་ལ་འཁོར་འོང་།།

Tuesday, May 5, 2009

བདག་གི་རྨི་ལམ་དཀྲོགས་མྱོང་བའི་སྒྲོལ་མ།

ལྷ་སའི་སྒྲོལ་མ་ཆུ་རུ་བཞུར་སོང་།།

རིག་འཛིན་བཟང་མོ་ནུབ་དུ་ཕེབས་སོང་།།

དུར་ཁྲོད་ཁོ་བོ་ལྷོ་རུ་འཁྱམས་ཏེ།།

སེམས་ཀྱི་ཁོ་ཐག་སྔོན་ནས་ཆད་པས།།

དབེན་གནས་ཛ་ལན་དྷ་རའི་རི་ན།།

ང་ཡིས་སྙན་ངག་གླུ་རུ་བླངས་ཡོད།།

ད་ལོ་ཆར་འགོ་མ་བཙུགས་གོང་ལ།།

ནམ་མཁའ་སྔོ་ཞིང་དྭངས་པའི་ཉིན་ཞིག།

བདག་ལ་ཐག་རིང་ཐག་རིང་ཞིག་ནས།།

ཁ་པར་འབྱོར་བའི་དྲིལ་བརྡ་དཀྲོལ་སོང་།།

ཁྱོད་བདེ་འཚམས་འདྲི་མ་ཞུས་གོང་ལ།།

ང་སྡུག་ཅེས་ཟེར་ངུ་སྐད་བརྒྱབ་བྱུང་།།

རྒྱུས་ཡོད་སྐད་ལ་བསམ་བློ་བཏང་ན།།

ལྷ་སའི་ཁྲོམ་གྱི་སྒྲོལ་མ་ཡིན་འདུག།

ཡབ་ཡུམ་དབང་ཐང་བཙན་པས་ལན་ཟེར།།

རང་ལ་རང་དབང་མེད་པས་སྐྱོ་ཟེར།།

ལྷ་སའི་ཁྲོམ་གྱི་རྒྱུ་ཆེན་དེ་ལ།།

འགྲོ་འདོད་མེད་ཀྱང་བྱིན་ལུགས་གསུངས་བྱུང་།།

སྐྱོ་ཞིང་སྨུག་པ་འཐིབ་ཀྱིན་འོང་འདྲའི།།

སེམས་པ་དྲན་པས་ནང་དུ་བཀུགས་ཏེ།།

ཆུང་རོགས་སྒྲོལ་མའི་སེམས་ལ་འཚམས་པའི།།

ཚིག་གསུམ་མདུད་པ་ཡང་བསྐྱར་བཤིག་ཡོད།།

སྔོན་ལས་གར་ཡོད་རང་དབང་མེད་པས།།

ཧ་ཅང་སྐྱོ་བ་མ་བྱེད་ལབ་ཡོད།།

དྲན་དང་སྡུག་གི་བར་ཐག་གླེང་ནས།།

མཚན་གྱི་ཆུ་ཚོད་དགུ་བར་སླེབས་སོང་།།

མ་ཆོད་ངུ་སྐད་དལ་དལ་ལྷོད་ལྷོད།།

ལྷ་སའི་གཙང་བོའི་ནང་ལ་འདྲེས་ཐལ།།

སྐབས་དེར་སྟོང་ཞིང་ཤོར་བའི་སྣང་བ།།

ཡུལ་དང་འབྲལ་དུས་ལས་ཀྱུང་སྡུག་པ།།

སྔོན་ནས་བཅད་པའི་ཅེ་ནེ་ཁ་ནེ།།

དེ་རིང་མ་སྲོན་ཡང་བསྐྱར་ཟོས་པས།།

སྐྱོ་བའི་སྒང་ལ་སྐྱོ་བ་བསྣན་ཏེ།།

རྐང་པས་གཟུགས་པོ་ཁྱོགས་པ་མ་བྱུང་།།

མལ་སའི་ནང་ལ་ལྷེམ་སེ་ལྷུང་ཐལ།།

ལྡབ་ལྡིབ་ཁྲོད་དུ་ཡོད་ཚད་འཐིམ་ཐལ།།

ཞོགས་པ་ཡིན་བསམ་ཡར་ལ་ལངས་དུས།།

ཉིན་གུང་ཆུ་ཚོད་བཅུ་གཅིག་ལྷག་རེད།།

ཁ་ནང་གཙང་མ་མ་ཁྲུས་གོང་ལ།།

ཁ་པར་དྲིལ་བརྡ་སིར་སིར་གྲགས་སོང་།།

ཁ་པར་མི་འཇོག་རྒྱུ་མཚན་ཤོད་ཟེར།།

ག་ཚོད་བཏང་འདུག་རང་གིས་ལྟོས་ཟེར།།

འདི་ནི་ང་ཡི་གྲོགས་མོ་ཞིག་སྟེ།།

གཞན་གྱིས་དགའ་རོགས་རེད་ཅེས་གླེང་བའི།།

ཁམས་ཀྱི་རིག་འཛིན་བཟང་མོ་ཡིན་ནོ།།

ད་དུང་ལས་ཀྱི་འབྲེལ་བ་བྱུང་མེད།།

སྙིང་གཏམ་ཏོག་ཙམ་བཤད་བཞིན་ཡོད་མོད།།

ལས་འཕྲོ་ཡོད་མེད་ད་དུང་མི་ཤེས།།

ནང་ན་ཡོད་ན་ཡོང་གི་ཡིན་ཟེར།།

ཤ་དང་ཚལ་རིགས་ཉོ་ཡོང་ཟེར་གི།

མདང་ནུབ་སེམས་པ་མ་སྐྱིད་ཚུལ་དང་།།

རླངས་ཐབ་སྔོན་ནས་རྫོགས་རབས་བཤད་དེ།།

བདེ་ལེགས་ཟ་ཁང་ཡང་ཐོག་དེ་རུ།།

ཉིན་གུང་འཕྲད་པའི་ཁ་ཆད་བགོས་སོ།།

ཁམས་ཀྱི་བྲག་གཡབ་སྐྱིད་ཚུལ་ནས་བཟུང་།།

ཇོ་ཇོ་ཕྱི་རྒྱལ་ཡོད་པའི་བར་དུ།།

རིག་འཛིན་བཟང་མོས་ལན་གཅིག་བཤད་པས།།

ཕྱི་དྲོ་ཆུ་ཚོད་དྲུག་པར་ཟིན་འདུག།

རྗེས་མར་འབྲེལ་བ་མང་ཙམ་བྱོས་དང་།།

མཉམ་དུ་ནུབ་ལ་འགྲོ་ཆོག་ཟེར་གི།།

མཚན་དཀྱིལ་རང་ཤག་འཁྱག་པའི་ནང་དུ།།

ལས་ཀྱི་འགྱུར་བ་བསམ་བློ་བཏང་སྟེ།།

སྔོན་ནས་ད་ལྟའི་བྱུང་རབས་ཁག་ཅིག།

ནག་ཁུང་ནང་ནས་ལམ་ལམ་འཆར་གི།

ཕྱི་ལ་ཆར་བ་བརྒྱབ་པ་ནང་བཞིན།།

ནང་ལ་སྐྱོ་བ་དེ་འདྲ་ཆེ་སོང་།།

ད་ལོ་ཆར་མཇུག་མ་རྫོགས་སྔོན་ལ།།

རིག་འཛིན་ནུབ་ཕྱོགས་གླིང་ལ་འཕུར་སོང་།།

མི་རྐྱང་ཁྱོད་ལ་ཐུག་པའི་ཆེད་དུ།།

ཁ་པར་ཐེངས་མང་བཏང་ཡོད་གསུངས་བྱུང་།།

མ་སོང་སྔ་ཉིན་ཁྱེད་ཀྱི་སྒོ་རུ།།

ཆུ་ཚོད་བཞི་ལ་བསྒུགས་ཡིན་གསུངས་བྱུང་།།

ནུབ་ཕྱོགས་གླིང་གི་ཁ་པར་འདི་ཡིས།།

ང་ལ་ཚོར་བ་གང་འཚམས་སྤྲད་བྱུང་།།

དེ་རིང་ཞོགས་པ་སྔ་པོ་ལངས་ནས།།

གཙུག་ལག་ཁང་དུ་མྱུར་མོར་སོང་སྟེ།།

ང་དང་རིག་འཛིན་སྒྲོལ་མའི་བསམ་དོན།།

འགྲུབ་པར་བར་ཆད་མེད་པ་ཞུས་ཡོད།།

མཆན། ༡ཅེ་ནེ་ཁ་ནེ་རྒྱ་གར་གྱི་མྱོས་རྫས་ཤིག་སྟེ། ཐ་མག་དང་འདྲ་བར་བཟི་ཁ་ཅན་ཞིག་ཡིན་ནོ།

Friday, December 26, 2008

དུར་ཁྲོད་ཀྱི་ཕ་རོལ་ན།

འཇམ་ཅག་གེར་བཞུར་བ་ནི་ཆུ་ཚོད་ཀྱི་བཞུར་འགྲོས་ཡིན་མོད།
དྲན་གདུང་འདི་དེ་ཙམ་གྱིས་ག་ལ་ཆོད་ཐུབམཁུར་འགོར་ག་ལེར་འོ་ཞིག་བྱེད་བསམ་པའི་གདུང་སེམས་དང་ལྷན
སྐད་ཅིག་རེ་རེ་ལ་བཟི་སྨན་ཧིབ་ཀྱིས་འཇིབ་ཀྱང
ཁྱོད་ནི་ནམ་ཡང་ཁྱོད་དེའཁྱག་ཤུར་ཤུར་གྱི་ཁྱོད་ཡིན


སྡུག་ཡུས་དེའི་བཞུར་སྟངས་ནི་འུ་གཉིས་ཀྱི་འབྲེལ་བ་དང་མཚུངས་ཤིང

ཆ་སྙོམས་མིན་པ་ནི་རྒྱུན་ལྡན་གྱི་འགྲོ་ལུགས་ཙམ་དུ་རློམ
ཚོད་ལྟ་ཐེངས་གཅིག་ནི་འདི་ལྟ་སྟེ
ཁྲག་དང་རྣག མཁའ་དབུགས་ཀྱི་དྭངས་མ་དག་རེད
ངོ་མ་ཁྱོད་ལ་བསོད་ནམས་མི་འདུག

བར་སྐབས་འདིརའོད་ཆེམས་ཆེམས་འཕྲོ་བ་དག་གིས་ཀྱང

ཁྱོད་ལྟར་འཁྱག་ཤུར་ཤུར་གྱི་ལོ་ཟླ་ཞིག་དྲུད་ཡོང་བ
ང་ཁོ་ན་མ་གཏོགས་སུ་ལ་གསལ


ཁེར་འགྲོའི་སྣང་ཚུལ་ནི་བསམ་མི་ཐུབ་པ་ཞིག་རེད

ཡིན་ནའང་འུ་གཉིས་ལ་མཚོན་ན་དེ་ནི་རྒྱུན་ལྡན་ཞིག་ཡིན
ཁྱོད་ཀྱིས་ཁོ་དྲན་བཞིན་ཁེར་རྐྱང་ཡིན་ལ

ང་ཡིས་ཁྱོད་དྲན་བཞིན་ཁེར་རྐྱང་ཡིནརྒྱུ་མཚན་དེའི་ཕྱིར
ཁྱོད་ལ་གཞན་གྱིས་གནང་བའི་འཚོ་བ་དང
ང་ལ་ཁྱོད་ཀྱིས་གནང་བའི་འཚོ་བ་ནི
ཀུ་རེ་ལྟ་བུ་ཞིག་ལས་ཝུ་ཆང་ཤེལ་ཕོར་གང་གི་རིན་ཐང་ཡང་མི་འདུག


མཚམས་འདིར་ཁོ་བོས་གཉན་གྱི་སྙན་རྩོམ་འབྲོང་ཀློག་བཞིན་ཡོད

སྙན་རྩོམ་འདི་ནི་སྒྲ་དབྱངས་ཤིག་དང་མཚུངས་ཤི
ག་ལེར་ཁོ་བོའི་སྙིང་དབུས་ནས་གྲགས་བྱུང
སྙིང་དབུས་ནས་གྲགས་བཞིན་པ་ནི་ཁོང་ཁྲོ་ཞིག་སྟེ
མཐའ་དབུས་ཀྱི་དཀྱིལ་འཁོར་གཤགས་པའི་རལ་གྲི་གཡུག་ཐེངས་གཅིག་ཁོ་ན་རེད


གང་ཞིག་ན་ཐོག་མེད་ནས་བསགས་པའི་ལན་ཆགས་ཀྱི་ས་བོན་ཡོད་ན

དེའི་མཐའ་འཁོར་དུ་རྒྱུ་བཞིན་པ་ནི་ངའི་སྒལ་ཚིགས་སྟེང་གི་ཕྱི་མིག་གསོན་པོ་དེ་ཡིན་པས
ཁྲག་མདོག་གི་ཁྱོད་ཀྱི་མཁུར་འགོ་དེ་ནའངསྡུག་སྣང་གི་བུ་ལོན་ཁོ་བོས་མཇལ་བཞིན་ཡོད
བླ་མེད་ཀྱི་བྲང་ཁོག་དེ་མཐོ་རུ་ཕྱེ་དང
ཁྱོད་ཀྱི་རེ་འདོད་མི་ཚིམ་པ་ཅི་ཡོད


འགྲོ་ལམ་གྱི་གདམ་ཀ་ནི་གལ་ཆེན་ཞིག་གཏན་ནས་མ་རེད

གལ་ཆེན་མིན་ཕྱིར་རྫུས་མའི་སླུ་བྲིད་ཀྱིས་ཅི་བྱེད
གདོང་འབག་ལ་སེན་འབྲད་བྱས་ཚེ་ཡང་བསྐྱར་གདོང་འབག་གཞན་ཞིག
དེ་བཞིན་ཁྱོད་ཀྱི་གདོང་འབག་དེ་ཡངརྒྱ་ལམ་འགྲམ་གྱི་མེ་ཏོག་ལྟ་བུ་ཡིན་པས
ནམ་ཞིག་རླུང་བུ་གཡུག་ཐེངས་གཅིག་གིས་ཀྱང་གང་དུ་ཁུར་འགྲོ
དེའི་ཕྱིར་རང་སེམས་ལ་ནང་ཁྲིམས་མ་འཇོག
ང་ནི་ཁྱོད་ཀྱི་ནང་མིར་གཏན་ནས་འཚང་མི་སྲིད
གྲོགས་པོ་སེམས་ལ་ཆུགས་དང
འདི་ནི་ང་དུར་ཁྲོད་ཀྱི་དམ་བཅའ་ཡིན

ང་དུར་ཁྲོད་ཀྱིས་རྡ་རམ་ཤ་ལ་ནས་c.D བྲིས།

Monday, October 20, 2008

རྫས་འགྱུར་གྱི་མེ་ཏོག

ཁྱོད་དྲན་དུས
རྨི་ལམ་གྱི་བར་གསེང་ན་ངུ་བཞིན་པ་དེ་སུ་ཡིན
ཅིས་ཀྱང་བརྗེད་མི་སྲིད་པའི་འཇིག་རྟེན་ན
ཡོད་ཚད་ལྷིང་འཇགས་ཀྱི་གྲུ་ཁ་རེ་ནས
ཁྱེད་དང་ལས་དབང་གཅིག་པའི་ན་ཟུག་ལ་བཞག་ཡོད

ཁྲག་དང་རྣག་གི་འགྱུར་པ་ལས
རྫས་འགྱུར་གྱི་མེ་ཏོག་གད་ཅིང
ས་སྲོད་ཀྱི་ཆང་ཁང་ནང་ནས
རོ་ལངས་མང་བོ་འདས་ལོག་རྒྱག་དུས
མཚམས་སྤྲིན་གྱི་མཛེས་བར་འཁྱུད་པའི་རྨི་ལམ་དེ་གང་ན་ཡོད་ནས

ཁྱོད་ཀྱིས་ཀྱང་ཤེས་གསལ
གཏན་བདེའི་འོད་སྣང་གི་གཞི་ན་ངས་དྲན་བཞིན་པ་དེ་ཁྱོད་ཁོ་ན་ཡིན་མི་འོས་མོད
ཅིས་ཀྱང་ལས་དབང་གི་ས་མཚམས་དེར་ཐུག་ཡོད་ན

ཁོ་བོ་འཇིག་རྟེན་གྱི་བཙོན་མ་བྱེད་པར་སྐྲག་དགོས་དོན་མི་འདུག

འདས་པོ་སྟག་འཚེར་ཚང་།



བོད་རང་བཙན་མ་ཡིན་པའི་ཐབས་ལམ་གང་འདྲ་ཞིག་ཡིན་ཡང་བོད་མི་མང་འཆི་ལམ་དུ་འཁྲིད་པའི་ཐབས་ལམ་ཉག་གཅིག་ཡིན། སྟག་འཚེར་ཚང་གིས་སྔོན་ཆད་འདི་འདྲ་ཞིག་གསུངས་མྱོང་།
ཁ་སང་འདི་འདྲ་ཞིག་དགོངས་བཞིན་ང་ཚོ་དང་དུས་གཏན་དུ་བྲལ་སོང༌། གཞི་རྩའི་མི་མང་གི་བསམ་ཚུལ་གྱེན་དུ་འདེགསབོད་རང་བཙན་མ་ཡིན་པའི་ཐབས་ལམ་གང་འདྲ་ཞིག་ཡིན་ཡང་བོད་མི་མང་འཆི་ལམ་དུ་འཁྲིད་པའི་ཐབས་ལམ་ཉག་གཅིག་ཡིན། སྟག་འཚེར་ཚང་གིས་སྔོན་ཆད་འདི་འདྲ་ཞིག་གསུངས་མྱོང་ལ། ་པའི་རླབས་ཆེན་གྱི་འོད་སྣང་ཞིག་གཤགས་མ་ཚར་བའི་མུན་པ་འདིའི་སྔ་རོལ་དུ་འདི་ལྟར་ནུབ་སྐབས། ངའི་བཟང་ས་མང་བོ་ཞིག་དང༌། ངའི་བཤད་གྲོགས་མང་བོ་ཞིག ད་དུང་ང་མི་དགའ་ས་མི་མང་བོ་ཞིག་གིས་རླབས་ཆེན་གྱི་མི་སྣ་འདིར་དེ་འདྲའི་རྩིས་ཆེན་བྱེད་ཀྱིན་མི་འདུག རྒྱུ་མཚན་གཅིག་ནི་ྋགོང་ས་མཆོག་གི་རང་སྐྱོང་ལྟ་ཚུལ་ལ་སྐྱོན་བརྗོད་བྱས་པ་རེད་ཟེར། བོད་མི་མཐོ་རིམ་པ་ཁ་ཤས་ཕུད་མི་མང་གི་བསམ་པའི་རྟེན་ས་རང་བཙན་གཙང་མའི་ལངས་ཕྱོགས་བསྒྲུབ་པ་ལ་རེ་སྐུལ་བྱས་པ་འདིར་ཡང་ནོར་འཁྲུལ་གྱི་ནང་དོན་ཞིག་ཡོད་དམ། བརྒྱད་ཅུའི་རྒད་པོ་ཞིག་གིས་མི་ཡུལ་རྒྱལ་ཁབ་མང་བོར་ཚེ་ཡི་སྐུད་པ་མ་ཆད་བར་དུ་བོད་དོན་ཆེད་འདུར་བ་དེ་ནི་ཁ་སང་ང་ཚོ་དང་བྲལ་བའི་སྟག་འཚེར་ཚང་མ་ཡིན་ནམ། ཨུ་ཚུགས་དང་རྨོངས་དད་ཀྱིས་ང་ཚོ་ཡང་ཡང་ཧོལ་རྒྱུགས་ཀྱི་ལམ་ལ་འདེད་བཞིན་པ་ལྟར། ནོར་འཁྲུལ་ལ་ངོས་ལེན་བྱེད་མི་ཕོད་པའི་སྤྱོད་པ་རིང་དུ་སྤངས་ཏེ་མཚན་དང་སྙན་གྲགས་ནམ་ཡང་མི་དགོས་བའི་ཁོང་གི་དུར་སའི་མདུན་དུ་བདེན་པ་ལ་རེ་བའི་འབྲས་བུ་དང་ཁ་བ་ལ་བཞག་པའི་འབྲས་བུར་རྩིས་ཐོ་རགས་བསྡུས་ཙམ་ཞིག་འགོད་པ་ལ་སྟ་གོན་བྱེད།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།