གྲང་འདར།
སང་རྡོར།
རྩིག་ངོས་ཆུ་ཡིས་བཞུར་བའི་ཞག་སྨད་ཅིག་ལ། །
ཁོ་བོ་མུན་པའི་གཟུགས་ཀྱིས་ཁྱིམ་ལ་འཐིབས་ཡོད། །
ཁྱིམ་ནི་དཀར་མེ་ཡང་ན་སྣ་སྒྲ་ཧྲེང་ཧྲེང་། །
ཁྱིམ་ནི་ཡི་གེ་དང་ཡང་ན་སེམས་ལྡན་ཐུ་བ། །
ཞི་ལའི་མིག་འབྲས་ལྗང་གུ་འོད་ཆུང་འཚུབ་འཚུབ། །
ང་ཡི་འགུལ་སྐྱོད་ཕྲ་མོ་གྲིབ་སོ་ལང་ལོང་། །
རྩིག་ངོས་ཆུ་ཡིས་བཞུར་བའི་ཞག་སྨད་ཅིག་ལ། །
ཁོ་བོ་རྨོ་མཛོའི་གཟུགས་ཀྱིས་ཞིང་ཁར་ཕྱིན་ཡོད། །
ལམ་ནི་སྐར་མདའ་ཡང་ན་ཁེར་ལབ་ཐན་ཐུན། །
ལམ་ནི་སྟོང་འཇགས་ཡང་ན་རྣམ་ཤེས་ཕྱེད་པ། །
ཕྱོགས་ཀྱི་གྱང་གོག་ཅིག་ན་ངུད་མོ་སྦུད་སྦུད། །
ང་ཡི་ནང་སེམས་དམར་པོ་སྐྱུར་ཤ་གཟེར་གཟེར། །
2011-2-18
མིང་མེད།
ང་ཡི་ཉམས་སྣང་ལ། །
གསེར་གྱི་ཀུ་ཤ་མཐོང་། །
རྩེ་མོ་ནུབ་ཏུ་བསྟན། །
གཡའ་ལོ་བསྟུད་མར་འབབ། །
སྤྲིན་སྣ་ངང་གིས་ཆད། །
ང་ཡི་ཉམས་སྣང་ལ། །
སྙན་ཤལ་སིལ་སིལ་འདར། །
མཛོད་སྤུ་ཡེར་ཡེར་གཡོ། །
ང་ཡི་ཉམས་སྣང་ལ། །
ནགས་ཀྱི་སྤྱིལ་བུ་མཐོང་། །
སྒོ་མོ་བྱང་དུ་འཁོར། །
དྲིལ་ཆུང་སིང་སིང་འཕུར། །
མེ་ཏོག་བགས་ཀྱིས་འཐོར། །
ང་ཡི་ཉམས་སྣང་ལ། །
ཤིང་ཁང་ཁམ་སོལ་སོལ། །
ཤིང་འབྲས་མངར་ཐུལ་ཐུལ། །
ང་ཡི་ཉམས་སྣང་ལ། །
པད་རྩའི་མཁྲིག་མ་མཐོང་། །
དངུལ་གདུབ་འོད་ཀྱིས་འཁོར། །
རྨ་བྱ་ཁྲ་སྒོང་སྒོང་། །
ལུག་ཆུང་གཤིས་ཀྱིས་རྩེད། །
ང་ཡི་ཉམས་སྣང་ལ། །
འུར་ཐག་དཀར་ཤད་ཤད། །
མཚམས་སྤྲིན་སེར་ཧང་ཧང་། །
2011-2-18