ཉི་མ་རྒས་པའི་མདོག་དེ་ཁྱེད་ཀྱིས་དྲན་ནམ།།
སེམས་པ་དྲང་མོའི་གཟུགས་དེ་ཁྱེད་ཀྱིས་མཐོང་ངམ།།
ལར་ནས་འཁོར་བ་འདི་ཡི་ཕྱི་ནང་ཀུན་ཏུ།།
ལག་པ་རུམ་ལ་བཏང་འདྲའི་རྒྱུས་ཤིག་ཡོད་དམ།།
ང་ནི་ཁྱེད་ཀྱི་གམ་ལ་འདི་ལྟར་བཅར་རམ།།
ལག་པས་ཟིན་པའི་ཁ་ཕྱོགས་རྙེད་དུ་ཡོད་ན།།
ང་ནི་ད་དུང་གྲོང་པའི་ཆོས་ཀྱི་གོས་མེད།།
ཡ་ཀའི་བླ་མར་ཕུལ་བའི་ཆོས་གོས་དེ་ཡིན།།
ཁྱོད་ནི་ང་ཡི་འགྲམ་ལ་ཅི་ལྟར་བཅར་རམ།།
དུངས་པ་གཉོམ་པོ་ཞིག་གིས་རྒྱུས་ཡོད་བྱས་སམ།།
ཤ་འཇམ་ནང་གི་དྲོད་ཀྱིས་རྒྱུགས་ཤིག་གསུང་ངམ།།
སེམས་པ་སྲབ་སྲབ་ཅིག་གིས་འབོད་པ་བཏང་ངམ།།
ཕྱི་མིག་ཅིག་ཀྱང་མེད་ལ་འཇིག་རྟེན་འགྲོའོ།།
ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་བ་འགྲོའོ།།
རྨི་ལམ་ཞིག་གི་རྔ་གཞུག་མཐོང་བར་གྱུར་ཀྱང་།།
ངས་ནི་ཁྱོད་ཀྱི་རེ་བ་མ་རེད་འདོད་ཀི།
ཁ་པར་ནང་གི་གཏམ་ནི་ཚེར་མ་ཞིག་ཡིན།།
རྨི་ལམ་ནང་གི་ཁྱོད་ནི་བསམ་གཞིགས་ཙམ་རེད།།
སྡེ་ཆེན་མྱི་ཁ་བརྒྱུད་ན་རླུང་གི་ཡང་ཡིན།།
དགོན་པར་གསོལ་བ་འདེབས་དུས་སྒྲོལ་མའི་གཟུགས་ཙམ།།
ན་ཟུག་དེ་ནི་སེམས་ཀྱི་གཏིང་ནས་འཕྱུར་སོང་།།
ལྗོན་པའི་གླུ་དབྱངས་སྒྲོག་པའི་དུས་དེ་ཡིན་སོང་།།
རྫ་གསེང་སྨུག་པས་ཅོ་འདྲི་བྱེད་པའི་གནས་སུ།།
སུ་དང་ཕྲད་པའི་སྨོན་ལམ་ཅི་འདྲ་བཏབ་བམ།།
ཁྱོད་ནི་འདི་འདྲའི་ལྷད་མེད་ལྷད་མེད་ཅིག་ཡིན།།
ད་དུང་དེ་འདྲའི་དྭངས་གཙང་དྭངས་གཙང་ཞིག་ཡིན།།
ལྷ་ཡི་མཆོད་པ་ངག་སུ་འདྲེན་པའི་བུ་མོ།།
ཞལ་རས་དེ་ལ་འཛུམ་མདངས་ཡོད་ན་མཛེས་ཨང་།།
འུ་གཉིས་ཐར་བ་སྐེད་ཀྱི་རི་ལམ་དེ་ཡིན།།
ཆོས་ཀྱི་གྲོང་ཁྱེར་མཐའ་དེའི་གྲོང་ཐོར་དེ་ཡིན།།
ལན་བུ་གཡུག་ཅིང་སྐེད་པ་ཕྲ་བའི་ཁྱོད་རང་།།
གསར་དུ་བསླེབས་པའི་མཁའ་སྤྱོད་སྒྲོལ་མ་དེའོ།།
ཞེན་པའི་ཐག་པ་དེ་རིང་ས་ལ་འཇོག་དགོས།།
དྲན་པའི་རི་མོ་དོ་ནུབ་ཤེད་ཀྱིས་གཅོག་དགོས།།
ཤ་འཇམ་ནང་འཇམ་པགས་འདྲེས་གཏིང་འདྲེས་ཤིག་གིས།།
མྱ་ངན་གོན་པའི་གོས་ལ་ཐང་ལ་ལྷུང་འགྲོ།
ཁྱེད་ཀྱིས་སྨོན་ལམ་འདི་འདྲ་ག་ཚོད་བཏབ་བམ།།
ང་ཡིས་རེ་བ་འདི་འདྲ་ཁྲི་ཕྲག་བྱས་མྱོང་།།
ཐག་རིང་ཐག་རིང་ཞིག་ནས་མཐོང་མཐོང་འདྲའམ།།
ཐག་ཉེ་ཐག་ཉེ་ཞིག་ཏུ་ཡོད་ཡོད་འདྲ་འམ།།
ཉོན་དང་བདག་གི་ནང་གི་གཅེས་པའི་བུ་མོ།།
ལྟོས་དང་མཁའ་སྤྱོད་ཞིང་གི་སྒྲོལ་མ་སེར་པོ།།
ཅུང་ཙམ་རིང་རྒྱུ་མེད་དོ་སེམས་ཀྱི་དཀྱིལ་ཡིན།།
བར་ཏུ་གཞན་ཞིག་མི་འགྲོ་སེམས་ཀྱི་ཁྱད་ཡིན།།
འབུལ་ན་ཕུལ་ས་མེད་དོ་རང་ལས་གཞན་མེད།།
བསྡད་ན་གཅིག་བུར་མི་ལྷག་མདུད་པ་གཅིག་ཡིན།།
གཅིག་ཏུ་མ་བཙེམས་ཚེམ་བུ་རྒྱག་མཁན་དེ་ཡིས།།
ལྷན་དུ་མ་བསྒྲིགས་ལྷུ་ལག་སྒྲིག་མཁན་དེ་ཡིས།།
ང་དུར་ཁྲོད་ཀྱིས་སྙིང་ཁྲག་ལྟ་བུའི་སྙན་ངག་གི་འཇིག་རྟེན་བསྔོགས་ཏེ་དམར་རྗེན་རྗེན་གྱི་ཚོར་བ་འདི་ཚིགས་བཅད་དུ་བསྡེབས་ཏེ་གྲོགས་པོ་ཁྱེད་ཅག་གི་མིག་སྔར་བཤམས་ཡོད་པས་དགའ་བའི་ངང་ནས་བཞེས་ཤིང་། ཚོར་བའི་ངང་ནས་ཉམས་སུ་ལོན་པར་སྨོན།
གྲོགས་པོ་ཞིག་དང་ཐུག་འཕྲད་བྱས་རྗེས།
No comments:
Post a Comment
འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།