Tuesday, May 5, 2009

རྨི་ལམ་ནང་གི་བུ་མོ།



རྨི་ལམ་ཞིག་གི་སྔ་གཞུག་ཏུ།

མདང་དགོང་ཐུག་པ་དེ་ནི་དོན་དངོས་ཡིན་ནམ།།

ལག་ཟུང་འཇུས་པ་དེ་ནི་མངོན་སུམ་ཡིན་ནམ།།

ཁྱེད་རང་རྨི་ལམ་ནང་ལ་ག་ལེར་འོང་ནས།།

ང་ཡི་སེམས་པ་འདི་ནས་འཐེན་འཐེན་གནང་བྱུང་།།

ང་དང་འགྲོགས་འདོད་གསུངས་བ་ཁྱེད་རང་ཡིན་སྐད།།

ཁྱོད་ལ་མཆི་སྒྲོས་སྦྱོར་མཁན་ང་རང་ཡིན་འདུག།

ལས་ཀྱི་དྲོད་ཀྱིས་བསྐྱིལ་བའི་མལ་ས་འདི་རུ།།

གཏན་དུ་འགྲོགས་སྙིང་འདོད་པའི་མི་ཞིག་འདུག་ག།

མིག་ཟུང་ཙུམ་ཐེངས་རེ་ལ་མངོན་སུམ་མཇལ་གི།

ཞལ་ངོ་ལྟ་ཐེངས་རེ་ལ་གད་མོ་བཞད་གི།

ལས་འཕྲོ་ཡོད་པས་མ་སྡུག་མ་སྡུག་གསུངས་བྱུང་།།

ཞེ་དྲག་མི་འགོར་མཇལ་ཡོང་མཇལ་ཡོང་གསུངས་བྱུང་།།

ས་ལ་ཁ་བ་བབས་ནས་ལ་རྩེ་མནན་འདུག།

ཞབས་རྗེས་གངས་ལ་བཞག་ནས་སླེབས་ན་བསམས་སོང་།།

ཡུན་ཙམ་དགོངས་པ་བཞེས་དང་ཁ་འབྲས་སྙིང་རྗེ།།

ལམ་ཙམ་བཞུགས་རོགས་མཛོད་དང་བདག་གི་འཁྲིས་སུ།།

ཁྱེད་ནི་རྨི་ལམ་ཞིག་གི་ས་བོན་ཡིན་ཟེར།།

ཁྱེད་ནི་རི་རྒྱབ་དེ་ནས་གང་འདྲ་ཡོང་ངམ།།

ཁ་བ་བརྒྱབ་པ་ཨེ་འཐུག་ཤེལ་གྱི་སྒྲོམ་བུ།།

ཁ་ཤུལ་འཁྱགས་པ་ཨེ་བྱུང་སྙིང་གི་ཚིལ་ལུ།།

རྨི་ལམ་ཞིང་འདིར་དབྱར་དགུན་སོ་ཚིས་མི་མངའ།།

ང་དང་མཇལ་ན་ཁྱོད་ལ་གྲང་ངར་མི་ཟུག།།

ཡང་ཡང་གྲུ་ཐུག་བརྒྱབ་ནས་འཁོར་ར་འགྲོ་ཡ།།

ལག་པའི་མཐིལ་ལ་རྟེན་འབྲེལ་རི་མོ་འབྲི་ཡ།1

མཆན། ༡ རྒྱ་གར་གྱི་ལུགས་སྲོལ་ལ་སྨན་ཤར་ན་གཞོན་མ་རྣམས་ཀྱི་ལག་མཐིལ་རི་མོ་འདྲ་མིན་འབྲི་བ་མ་ཟད་བརྩེ་དུང་ཆོས་ལུགས་གཉིས་ཀྱི་སྟེང་ནས་འགྲེལ་བཤད་རྒྱག་སྲོལ་འདུག


No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།