Saturday, September 13, 2008
སེམས་ཀྱི་ཁེན་ས།
ལན་ཅིག་མགྲོན་ལ་འབྱོར་བའི་མི་རྐྱང༌།།
རྟེན་འབྱུང་ཟབ་མོས་གཅིག་ཏུ་བསྡུས་པར།།
སྐྱོ་གདུང་མཆི་མས་ཁ་བྱང་བྲིས་ཐལ།།
ཨ་ཐང་ཆད་པའི་མི་ཚེའི་བཤུལ་ལམ།།
རིང་བར་བསམ་པ་འཁྲུལ་བའི་གཞི་རྩ།།
སྐད་ཅིག་ཙམ་གྱིས་ཕྱོགས་སུ་འཁྱར་དུས།།
མནོག་ཆུང་སེམས་ཀྱི་ཁེན་ས་དྲན་བྱུང༌།།
ཆུང་ཆུང་ལུས་སེམས་བརྩེ་བས་བསྐྱངས་ཏེ།།
དགའ་བའི་གཏམ་གྱིས་ངོ་སོ་བསྟོད་པའི།།
བཅོ་ལྔའི་སྔོན་གྱི་ཕ་མའི་དུངས་ཀ།
དེ་རིང་དྲན་ན་ལྷག་ཏུ་སྐྱོ་བ།།
བྲལ་བའི་རྗེས་ཀྱི་དྲན་པའི་རི་མོ།།
སྐྲ་ལོ་ཁ་བས་ཟོས་པ་འདིས་མཚོན།།
མཚོན་དུ་མེད་པ་སེམས་ཀྱི་ན་ཟུག།
བླུན་པོ་དགའ་བའི་གཏམ་དུ་མི་སྐྱུར།།
ཐོབ་དཀའི་མི་ཚེའི་ལག་ཡོང་གཅིག་བུ།།
བརྗེད་དུ་མེད་པའི་དང་བོའི་འཚོ་བ།།
ལུས་སེམས་སྒྱུ་མའི་སྣང་བ་ཞིག་ཚེ།།
མི་ཡུལ་ཁམས་འདིར་ཤུལ་དུ་བསྐྱུར་ཆོག།
འཛོམས་པའི་མཐའ་དེ་འབྲལ་བས་བསུབ་ཏེ།།
བར་ཐག་མིག་ཆུས་མཚོ་ཡིས་བཅད་ཀྱང༌།།
རང་ཡུལ་འབའ་ཆུ་སྔོན་མོའི་ཕྱོགས་ལ།།
གཉེན་ཉེའི་དུངས་ཀ་ཆོད་ཐབས་མི་འདུག།
ཡུན་རིང་མ་སྟོར་སེམས་ཀྱི་ཁེན་ས།།
ད་དུང་མི་འབོར་མི་ཚེའི་སྙིང་བོ།།
ནམ་ཞིག་འབའ་ཡུལ་ལུ་གུའི་རྩེད་རར།།
འཁོར་མེད་དྲིན་ལན་ཅན་དེར་འཕྲད་ན།།
མ་བཅོས་སེམས་ཀྱི་གཏམ་གྱི་ཕྲེང་བ།།
དྲན་གདུང་མཆི་མའི་སྐུད་པར་བརྒྱུས་ཏེ།།
ཡུན་རིང་བོར་བའི་བུ་ལ་འཕྲད་པའི།།
བྱམས་སེམས་ཅན་དེའི་སྙན་དུ་འབུལ་ལོ།།
འདོན་སྤེལ།: ༢༠༠༨/༠༩/༡༢
ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།
ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།
-
རང་ཉིད་བཅད་ཤུལ་ཀྱི། - བརྩེ་བའི་གྲོགས་མཆོག་དམ་པ་སྐལ་རྡོར་ལགས་སུ། ཉེ་ལམ་ཉིད་ཀྱི་དོན་དག་ཁ་ཤས་གོ་ལ་བདེ་བར་བདོག་པ་གཞིར་བཅས། ཆེད་ཞུ། འདྲིས་རིང་སྙིང་གི་གྲོགས་པོ་ཉིད་ས་མཐའ་ནས་མཐའ་ར...13 years ago
-
ཁྱོད་ཚོ་ཉི་མའི་ཁྱིམ་གྱི་བུ་རྒྱུད་ཡིན། - ན་ཟུག་གི་རྒྱུད་སྐུད་དཀྲོལ་པའི་བོད་ཀྱི་གླུ་བ་གླུ་མ་ཚོར་ཕུལ། དུས་ཀྱི་ཡོ་ལང་བརྡ་འཕྲིན་འཕྲུལ་གྱིས་ཕྱེ།། སིང་སིང་གླུ་སྐད་ཁ་བའི་ལྗོངས་སུ་འཕུར།། སེམས་དང་སེམས་པ...13 years ago
-
-
-
-
བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།
རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།
བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།
བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།
སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།
སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།
No comments:
Post a Comment
འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།