Monday, September 22, 2008

བསམ་གཞིག་བསྐྱར་མ།


ང་ཚོ་བོད་པ་ཚོ་འཚོ་ཞིང་གནས་བཅས་པའི་གོ་ལ་ཟླུམ་པོའི་ཡང་རྩེ་དེར། རྒྱ་ནག་དམར་ཕྱོགས་པས་བཙན་འཛུལ་དྲག་པོ་བྱས་ཏེ་ཆོས་དང་རིག་གཞུང་གང་ཐད་ནས་གཏོར་སྐྱོན་ཚད་མེད་བྱུང་བ་འདི་དག་ང་ཚོས་འཛམ་གླིང་ཕྱོགས་ཀུན་ཏུ་གསལ་བར་བསྒྲགས་མོད། བདེན་པ་ལ་ཤུགས་ཆེ་བའི་ཁ་གཡང་ཙམ་ལས་བོད་པ་ཚང་གི་རྩ་བའི་གནད་དོན་ཆ་ཚང་འཇིག་ཉེན་གྱི་ཉེན་ཁ་ལས་སྐྱོབ་ཐུབ་མེད་པ་རེད། འདི་ལྟར་ཡུན་རིང་དུ་ཕྱིན་ཚེ་བོད་ཅེས་པ་འདི་ཤོག་ངོས་ཀྱི་མི་རིགས་ཤིག་ཏུ་འགྱུར་རྒྱུ་ཉག་གཅིག་ཡིན་པ་ཚང་མས་ཤེས་གསལ་ཡིན་པ་ལྟར། ད་ཆ་ང་ཚོ་བཙན་བྱོལ་བ་ཚང་མས་གཞིས་ལུས་སྤུན་ཟླ་ཚོའི་ཞེ་ལ་བརྣགས་པའི་བོད་རང་བཙན་གྱི་ལྟ་གྲུབ་འདི་རང་གཞུང་གི་རྩ་བའི་ལངས་ཕྱོགས་ལ་འཛིན་ཐུབ་པ་ཞིག་བྱེད་རྒྱུ་ནི་ད་ལྟའི་དུས་བབ་ཀྱིས་སྤྲད་པའི་འོས་འགན་ཞིག་རེད། འདིའི་སྐོར་དབུ་མའི་ལམ་ལ་དཔྱད་པ་ཞེས་པའི་དེབ་དེའི་ནང་སྐུ་ཞབས་འཇམ་དབྱངས་ནོར་བུས་གནད་དུ་སྨིན་པའི་དགག་སྒྲུབ་གཏིང་ཟབ་ཅིག་བྱས་ཡོད་པས་དེ་ལ་གཟིགས་པར་ཞུ། ཨོ་ལིམ་པུག་རྩེས་ཚར་བའི་རྒྱ་ནག་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན་བོད་དང་ཡུ་གུར་སོགས་རང་དབང་རྩོད་མཁན་རྣམས་ལ་ཆབ་སྲིད་ཀྱི་ཐད་ནས་དམ་དྲག་སྔར་ལས་ཤུགས་ཆེན་འབྱུང་བཞིན་ཡོད་པ་འདིས། ང་ཚོ་སྔོན་ཆད་ལམ་ལོག་ལ་བསྐྱོད་པ་བདེན་དཔང་བྱཻད་བཞིན་པ་ཞིག་ཏུ་ངོས་འཛིན་བྱས་ན་ཡང་མི་ཆོག་རྒྱུ་མེད་པར་སེམས། ཅི་ལྟར་ང་ཚོ་མུ་མཐུད་དུ་ལངས་ཕྱོགས་འདི་འདྲ་ཞིག་གི་ཐོག་ཤར་སྐྱོད་བྱས་པ་ཡིན་ན་ནམ་ཞིག་བུ་རབས་ཚ་རྒྱུད་ཀུན་ལ་ངོ་གནོང་དགོས་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པས། ཁ་ཙམ་མིན་པར་བོད་ཀྱི་ཆེད་དུ་སྨྱུ་གུ་འཛིན་མཁན་ཞིག་ཡིན་ན་གནད་དོན་འདི་དག་སྣང་ཆུང་དུ་མི་བསྐྱུར་བར་ཁ་ཚ་དགོས་གཏུགས་ཀྱིས་འདི་དང་འདི་ལྟ་བུའི་གནད་དོན་ལ་བསམ་གཞིག་རེ་བྱེད་རོགས་ཞེས་འབོད་སྐུལ་ཞུ་བ་ལགས།
ད་དུང་ཨ་རི་སོགས་གཙོས་རྒྱལ་ཁབ་མང་བོ་ཞིག་གིས་བོད་ལ་ཁ་ཙམ་གྱི་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་འདིས། རྩ་་བའི་ང་ཚོའི་ལས་འགན་དག་མོག་མོག་དང་རབ་རིབ་ཏུ་བཟོ་བཞིན་ཡོད་ལ། མང་བོ་ཞིག་གིས་བདེན་མཐའ་གསལ་བ་ལ་ཡང་ཐག་མི་རིང་བར་ངོས་འཛིན་བྱེད་བཞིན་ཡོད་མོད། དེ་དག་ཚང་མ་རྒྱ་ནག་གི་གཡོ་འོག་ཏུ་ཚུད་སོང་བ་ཡིན། དེའི་ཕྱིར་ངེད་ཀྱིས་རང་ཉིད་ཀྱི་བསམ་ཚུལ་འདི་ཁྱེད་ཅག་གི་མདུན་སར་བཤམས་ནས་བགྲོ་གླེང་ཞིག་བྱེད་འདོད་ཡོད་ན་ལྷན་རྒྱས་ཚོས་བརྗོད་བྱའི་ཐོག་བགྲོ་གླེང་གང་མང་སྤེལ་རོགས་ཞུ།

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།