Tuesday, September 23, 2008

གདན་ས་ཁག་གིས་དུས་རབས་ལ་ངོ་རྒོལ་བྱེད་ཀྱིན་འདུག


ཡིད་སྐྱོ་ཞིང་ཕངས་པ་ཞིག་ལ་རྨོངས་གཉིད་ཀྱི་འཆིང་རྒྱ་ལས་མ་གྲོལ་བའི་མི་སེར་དཀྱུས་མ་ཚོའི་མིག་མདུན་ན་དག་ཞིང་དུ་སྣང་བའི་དགོན་སྡེ་ཁག་གི་ཁྲོད་ན། རང་མགོ་རང་གིས་གཡོགས་ཤིང༌། རང་སེམས་རང་གིས་གསོས་ཏེ་ཁ་གཡང་སྙན་མོའི་ལྕེབ་ཐག་གི་སྣེ་མོར་འཇུ་བའི་ལས་གནས་པ་མང་བོ་ཞིག་གིས་ནང་བསྟན་གཞུང་ལུགས་ཀྱི་དགེ་མཚན་ཁོ་ན་བཤད་དེ་དགོས་ངེས་ཀྱི་དེང་རབས་རིག་གནས་མང་བོ་ཞིག་དགོན་གྲོང་དུ་འབྱུང་བར་སྒོ་མོ་གཏོད་ཀྱིན་འདུག འདི་ནི་ཁོ་ཚོས་གཞོན་སྐྱེས་གྲྭ་བཙུན་དག་གནའ་བོའི་དུས་རྙིང་གི་མུན་ཁུང་ལ་ཕྱིར་ཁྲིད་པ་ཞིག་ཡིན་ལ། ཤེས་ཡོན་དང་ཚན་རྩལ་གྱི་འཕེལ་ཁ་ཧ་ཅང་མྱུར་བའི་དུས་རབས་ཉེར་གཅིག་པར་ངོ་རྒོལ་བྱས་པ་ཞིག་ཀྱང་ཡིན། དབྱིན་ཡིག་དང༌། གློག་ཀླད་ཁ་པར་སོགས་དེང་རབས་སྤྱི་ཚོགས་ནང་རྒྱུགས་ཆེ་བའི་ཤེས་བྱའི་རིགས་དགོན་སྡེ་རུ་བསླབ་མི་ཆོག་ཅེས་དགོན་ནང་གི་འཛིན་གྲྭའི་ངོས་ནས་ཅུང་མཐོ་བའི་མཁྲེགས་འཛིན་དང་བླུན་ཚུགས་ཀྱིས་སེམས་རྒྱུད་ཡོངས་སུ་བརླམས་པའི་བླ་རྒན་འགའི་རྨོངས་འཆར་ལ་གཞི་བཅོལ་ཏེ་བཀའ་ཁྱབ་བསྒྲགས་པ་ནི། གཞོན་སྐྱེས་མང་བོ་ཞིག་གི་སེམས་པ་ལ་མེ་སྲེག་ཐེངས་གཅིག་བྱས་པ་ཡིན། གདན་ས་ཁག་གི་གྲྭ་བཙུན་ཕལ་ཆེར་བོད་ནང་ནས་འོངས་པ་ཡིན་ཞིང༌། དེ་ཡང་རྒྱ་དམར་གྱི་དབང་བསྒྱུར་འོག་ནས་དེང་དུས་ཀྱི་སློབ་སྦྱོང་གི་གོ་སྐབས་མ་རེག་པ་ཤ་སྟག་ཡིན་སྟབས། ཁོང་ཚོས་གདན་ས་ཁག་གིས་ཀྱང་རྒྱ་དམར་བཞིན་དེང་དུས་ཀྱི་སློབ་སྦྱོང་མི་སྤྲོད་པར་མ་ཟད། ད་དུང་དུས་རབས་ཀྱི་ཁ་གཏད་དུ་ལངས་པ་ནི་རང་ཉིད་ལ་མཚོན་ན་འཆི་ལམ་དུ་དེད་པར་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ན་ཡང་ཕལ་ཆེ་བ་ཞིག་ལམ་ཁ་འདིར་མིག་ཟུང་བཙུམས་ཏེ་འབྲས་མེད་ཀྱི་རེ་བ་བདག་མེད་ཅིག་གནམ་ལ་བཅངས་ནས་འཆི་ལམ་འདིར་འགྲོ་བ་ལས་དགོན་སྡེ་ནམ་ཡང་བློས་གཏོང་བྱེད་མི་ཐུབ། དེ་ཅིའི་ཕྱིར་ན། རྒྱུ་མཚན་ནི་གཉིས་ཡོད། གནས་འདིར་ཁོ་ཚོར་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པས་ལྟོ་གོས་ཀྱི་འཚོ་བ་དགོན་སྡེ་རུ་གཏོད་དགོས་པ་དང༌། ལར་ཁོ་ཚོས་ནང་ཆོས་ལ་སློབ་བརྩོན་བགྱིད་པའི་ཁོར་ཡུག་བཟང་བོ་ཞིག་ཀྱང་ཆགས་ཡོད་པས་ཡིན། རྒྱུ་རྐྱེན་དེ་གཉིས་ནི་མཐོ་རིགས་དབང་འཛིན་པ་ཚོས་གྲྭ་བཙུན་གཞོན་སྐྱེས་ཚོར་འགྲམ་ལྕག་གཞུ་བྱེད་ཀྱི་ལག་ཆ་ཡག་ཤོས་སུ་བེད་སྤྱོད་བྱེད་བཞིན་འདུག གདན་ས་ཁག་གིས་ཀྱང་གྲྭ་རྒྱུན་བསྡུས་ནས་དེང་རབས་རིག་གནས་ཐོག་ཏུ་ནང་བསྟན་གཞུང་ལུགས་དར་སྤེལ་གཏོང་དགོས་པ་ལས་དུས་རབས་ལ་གླེན་རྟགས་ཀྱིས་ངོ་རྒོལ་བྱས་ཏེ། གཞོན་སྐྱེས་མང་བོའི་འདོད་བློ་ལ་ཕོག་ཐུག་བཟོས་ན་མ་འོངས་པའི་གྲྭ་རྒྱུན་ལ་ཡང་ཉེན་ཁ་འབྱུང་མི་སྲིད་པ་ཞིག་ག་ལ་ཡིན། དེང་སྐབས་གྲྭ་བ་གསར་འབྱོར་བ་མང་བོ་ཞིག་གིས་བལ་ཡུལ་ནས་ཐོ་འགོད་བྱེད་དུས་སློབ་གྲྭ་འདེམས་བཞིན་ཡོད། དེ་ནི་ཁོང་ཚོས་དེང་དུས་ཀྱི་ཤེས་ཡོན་སྦྱང་འདོད་པ་དང༌། འཛམ་གླིང་གི་འགྲོ་སྟངས་ཤེས་འདོད་པས་ཡིན། ཡང་གཅིག་བཤད་ན་གཉན་འཕྲེང་གི་དུས་སྐབས་འདིར་གྲྭ་བཙུན་ཚོ་ཡང་ཆོས་ལུགས་ཀྱི་བཙན་བྱོལ་བ་ཁོ་ན་བྱེད་མི་རུང༌། སྤྱིར་གདན་ས་ཁག་ཀྱང་བོད་མི་རིགས་དང་ནང་བསྟན་གཞུང་ལུགས་གཉིས་ཀྱི་ཆེད་དུ་བཙུགས་པ་ཡིན་པས། བོད་ཀྱི་མ་འོངས་པར་བདག་པོ་རྒྱག་པའི་མི་རབས་གསར་བ་གསོ་སྐྱོང་གི་འགན་ཆ་ཚང་ཡོད། ལྷག་པར་དུ་ལོ་རྒྱུས་རང་བཞིན་གྱི་གནད་འགག་གི་དུས་མཚམས་འདིར་རང་ཉིད་ཀྱི་འཛིན་སྐྱོང་ཁོངས་ཡོད་པའི་གཞོན་སྐྱེས་རེ་རེར་དུས་རབས་དང་མཐུན་པའི་འགན་ལེན་འཐུས་ཤོར་མེད་པ་ཞིག་བྱེད་དགོས་པ་ལས། མི་སྣ་རེ་ཟུང་གི་དབང་བསྒྱུར་ལམ་ལུགས་འོག་སོང་ན་ག་ལ་འགྲིག ཡང་ཕྱོགས་གཅིག་ནས་བཤད་ན་འཛིན་གྲྭ་འོག་མ་ཚོར་དབྱིན་ཡིག་སོགས་ཐ་སྙད་རིག་གནས་བཀག་སྡོམ་བྱེད་དགོས་ཀྱི་བཀའ་ཁྱབ་དེ་ནི་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་བཏང་བ་ཞིག་རེད། ཆོས་རིག་ལས་ཁུངས་ཀྱིས་ཀྱང་གྲྭ་བཙུན་ཡོངས་ཀྱི་འདོད་བློ་ལ་བདག་པོ་མི་རྒྱག་པར་དེང་རབས་རིག་གནས་ལ་སྡང་བའི་བླ་རྒན་འགའི་བསམ་ཚུལ་ལ་ཉན་པ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང༌། ད་བར་དུ་ཕྱི་ཕྱོགས་ནས་རོགས་དངུལ་འབོར་ཆེན་བཏང་བའང་གྲྭ་བཙུན་ཚོ་དུས་རབས་ཉེར་གཅིག་པའི་མི་ཞིག་ལ་སྐྱེད་སྲིང་བྱ་ཆེད་ཡིན་པས། གྲྭ་བཙུན་ཚོར་ཡང་འདྲ་མཉམ་གྱིས་སློབ་སྦྱོང་གི་ཁ་ཕྱོགས་དང་རྣམ་གྲངས་ལ་དགོས་འདུན་འདོན་པའི་ཐོབ་ཐང་ཡོད་པ་ནི་མཐོ་རིམ་དབང་འཛིན་པ་ཚོས་ཤེས་དགོས་པའི་དུས་ལས་འཕྱི་མེད་ན་སྔ་མི་འདུག་གོ།
རླུང་ཡོར་གྱིས་གླེང་བརྗོད་སྤེལ།

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།