Tuesday, September 13, 2011

ཐག་རིང་གི་ཕ་མ་དྲན་ཚུལ།



བྱམས་ལྡན་ཕ་མ་སེམས་ཀྱི་ནང་དུ་འཁོར་ཞིང་།།

སྐྱོ་གདུང་མཆི་མས་སེམས་པ་བཙོན་དུ་བཅུག་འདུག

ཕ་གིའི་མཚོའུ་འགྲམ་གྱི་བསིལ་ཁང་དེ་རུ།།

ཕ་མ་དྲན་པའི་སེམས་པ་ཡང་ཡང་ལུས་སོང་།།

འཕྲིན་དང་ཁ་པར་བར་གྱི་སྐད་ཆ་དག་གིས།།

ང་ཡི་དྲན་གདུང་སེལ་བའི་སྟ་གོན་བྱེད་བཞིན།།

ཡུན་རིང་མ་འཕྲད་ཕ་མའི་བསླབ་བྱ་ཀློག་དུས།།

ང་ཡི་སེམས་པ་མཆི་མའི་ས་གཞི་ཡིན་སོང་།།

མཐོངས་སུ་ལྡིང་སྐོར་རྒྱག་པའི་བྱ་ཆེན་དག་གིས།།

སྤྲིན་གྱི་བར་གསེང་ཕྲེད་དང་ཕྲེད་དུ་བཅད་དེ།།

སྣང་སྟོང་ཉམས་ཀྱི་གཤོག་སྒྲོ་བྲག་ལ་འཐོག་དུས།།

ང་ཡི་ངང་ཚུལ་འདི་དང་མཚུངས་པ་ཚོར་བྱུང་།།

རྒྱང་རིང་སྐད་ཆ་རྣ་བའི་དཔྱིད་དུ་སྨིན་ཞིང་།།

སྐྱོ་བ་ཤེད་ཀྱིས་སྟོང་བའི་དུས་ཚིགས་བསླེབས་པས།།

ཆུང་དུས་ལྟེ་ཁྲག་འཕོ་སའི་ཕ་ས་དྲན་བྱུང་།།

ཕ་སར་ང་ལ་སྒུག་པའི་ཕ་མ་དྲན་བྱུང་།།

སྐྱོ་བའི་སེམས་ལ་དྲན་པའི་ཆར་བ་བཏང་བྱུང་།།

སེམས་ཀྱི་ལྗོན་ཤིང་དྲང་མོ་ཆར་བས་བརླན་སོང་།།

རེ་འབྲས་ཤིང་ཏོག་འཐུ་བར་ད་དུང་འགོར་བས།།

རྒྱང་རིང་ཕ་མ་གཉིས་ལ་མཇལ་ཡུན་འཕྱིས་སོང་།།

དེ་ནས་ཉི་མ་ཚུར་འགྲོ་སེམས་ཀྱིས་སྐྱེལ་ཆོག།

འདི་ནས་ཟླ་བ་ཕར་འགྲོ་བརྩེ་བས་བསྒུལ་ཆོག

ཆུང་དུས་ཕ་མའི་གམ་གྱི་འཚོ་བ་མཐའ་དག།

འདི་ནས་རྨི་ལམ་གཅིག་གི་ཡུན་ལ་དྲན་ཆོག

དྲན་པའི་གཞུ་མོ་ཕ་དང་མ་ལ་ཕྱོགས་དུས།།

འདབས་ཀྱི་རི་ཆུ་ཀུན་གྱིས་སྐྱོའོ་ཟེར་བྱུང་།།

གདུང་ཚོར་ལྕི་མོས་མིག་ཆུ་རྡོག་གཅིག་ལྷུང་དུས།།

ས་དང་གཙང་པོ་ཐམས་ཅད་ཡོམ་ཡོམ་འདར་སོང་།

འཚོ་བའི་ངོ་གདོང་གང་སར་གཅིག་བུར་འགྲིམས་པས།།

ལམ་གྱི་དཀའ་བ་ཐམས་ཅད་འཕྲེད་ཀྱིས་བཅད་མོད།།

ཡབ་ཡུམ་ཐུགས་དང་འགལ་གྱིས་དོག་པ་ཞིག་གིས།།

བདག་གི་རྨི་ལམ་དྭངས་མོ་རབ་རིབ་ཆགས་སོང་།།

འཇབ་ཀྱིན་མི་ལོ་ཉེར་བདུན་མདུན་ལ་བསླེབས་ཤིང་།།

ཚ་ཚ་འུར་འུར་འཚོ་བའི་མི་ཚེ་བརྒལ་དུས།།

ཡབ་ཡུམ་གཉིས་པོ་སེམས་པ་འདི་ལ་འཐོག་བྱུང་།།

སེམས་ཀྱི་སྟེང་ལ་འགྱོད་པའི་རྨ་ཁ་ཤོར་སོང་།།

ཕ་མ་གཉིས་ཀྱིས་སྡུག་དང་དཀའ་བ་སྤྱད་དེ།།

བུ་ཡི་འདུན་མ་བཟང་བོའི་སྨོན་ལམ་འཁྱོངས་སྐད།།

འཇིག་རྟེན་མི་ཡི་འགྲོ་ལུགས་སྣ་ཚོགས་ཁྲོད་ནས།།

ཕ་མའི་ཐུགས་དང་འཚམས་པ་ཞུ་སྐལ་ཡོད་དམ།།

འགྲོ་ལམ་ཁད་ཀྱིས་བརྒལ་ནས་རི་ཁར་བསླེབས་སོང་།།

སྤྲིན་དང་སྨུག་པ་བོད་ཀྱི་ཡུལ་ལ་འཐིབས་འདུག།

ཕ་མའི་བྱམས་ཀྱིས་སེམས་ཀྱི་མཆི་མ་བསྐམས་ཤིང་།།

གཅེས་པའི་ཉམས་ཀྱིས་བུ་ཡི་ཞེ་སྡུག་བསལ་བྱུང་།

སྤྲིན་པ་དཀར་པོ་ཕ་མས་མངགས་པ་འདྲ་བྱུང་།།

འདི་སྣང་གྱེས་བྲལ་རིང་མོའི་རི་ཆེན་བརྒལ་དུས།།

རི་བོའི་ཟོམ་དུ་རྒྱ་མཚོའི་ཟོལ་གྱིས་འཕྱུར་སོང་།།

ཐང་གི་གཤོང་དུ་མཚེའུ་ཚུལ་གྱིས་ལྟེམས་སོང་།།

2011.2.1

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།