Saturday, September 3, 2011

ནག་པོའི་རྣལ་འབྱོར་བའི་གླུ།


ཁག་དང་པོ།

ཉི་མ་དེ་རིང་ང་རང་ཤིན་ཏུ་སྐྱོ།།

ཆར་ཤུལ་རླུང་བུ་ལྡིང་བས་ནང་ཡང་འཁྱགས།།

མི་སེམས་བརྩེ་བས་ལྷོད་པའི་དུས་ཤིག་ནས།།

ང་ལ་གཞན་གྱི་རྣམ་འགྱུར་གྲང་ཤུར་ཤུར།།

ཕར་རྒྱབ་རི་དེའི་རྒྱབ་ཏུ་འགྲོ་སྙིང་ཞིག།

ལམ་དེ་ཀྱག་ཀྱོག་ཆེ་བའི་ཉོབ་སྣང་ཞིག།

མ་ཚང་མེད་པ་དཀའ་བ་ཀུན་ཚང་བའི།།

ང་ཡི་འཚོ་བ་འདི་ནི་སུ་ཡིས་རྟོགས།།

ཆར་ཤུལ་འཇའ་ཚོན་ཤར་བ་ངས་མ་མཐོང་།།

ཁ་ཤུལ་ཉི་མ་དྲོ་བ་ངས་མ་ཚོར།།

མཐའ་མེད་སྡུག་གི་ནམ་མཁའ་འདི་མཐོང་ནས།།

ངོས་ཀྱིས་མི་དེ་ཅི་འདྲའི་རིང་ཨང་སྙམ།།

ཀྱེ་མ་འཇིག་རྟེན་སྐྱོ་བ་མུ་མཐའ་མེད།།

བོད་ཀྱི་བུ་ཆུང་སྨན་ཤར་གཅིག་གིས་བསླུས།།

ཚེ་ཡི་སྐུད་པ་དེ་ཡིས་གཙེས་གཙེས་ནས།།

མཐའ་ཡི་སྣེ་དེ་གཞན་གྱིས་མཐོང་བར་ཉེ།།

ཁོག་རྒྱ་ཡབ་ཆེན་ནང་བཞིན་ཡོད་ན་དགའ།།

བརྩེ་བ་ཡུམ་ཆེན་ནང་བཞིན་ཡིན་ན་སྐྱིད།།

མི་སེམས་འཁྱགས་པ་དེ་ཡང་མེད་ན་དགའ།།

ཐམས་ཅད་མཉམ་དུ་ཤུགས་ཀྱིས་བགད་ན་མཛེས།།

སེམས་པ་ཨ་ལོང་འདྲིལ་བའི་ཚུན་ཆུད་དུ།།

མི་དེ་དེ་འདྲའི་རྒྱུས་མེད་ཨ་ཅང་ཅང་།།

ལུས་དང་ལག་པ་འཁྱུད་པའི་ཕྱིན་ཆད་ནས།།

ད་དུང་རྒྱུས་མེད་འདི་ཡང་ཏག་ཏག་མིན།།

ལ་རྒྱབ་ལ་ཡིས་ཆོད་པར་དཔེ་བླངས་ནས།།

ངོས་ཀྱིས་ཁྱོད་ལས་འདྲ་བའི་གཟུགས་ཤིག་མཐོང་།།

ཁྱེད་ཀྱིས་མི་ཤེས་གསུངས་ན་འགྲེལ་ཞིག་རྒྱག།

གཞན་ལ་མ་སྟོན་གསུངས་ན་གཏེར་ལ་རྒྱག།

མེ་ལོང་འདི་ཀོ་སྒྱུ་མ་ཡིན་ནམ་ཅི།།

ཁྱོད་ནི་འདི་ལས་ཏག་ཏག་མཐོང་བ་ཅི།།

རང་སེམས་འཁྲུལ་སྙམ་ཤ་གཅུས་བརྒྱབ་ན་ཡང་།།

མ་འཁྲུལ་མ་སྨྱོས་ང་ནི་གསལ་ཐང་ཐང་།།

ཁྱོད་ལ་རང་གཤིས་དྲངས་མོའི་ཚད་ཅིག་འཇོག།

ང་ཡི་སྐྱོ་བ་འདི་ཀུན་བསལ་ནས་ཤོག།

ཁྱོད་ལ་མྱི་ཁ་མེད་པའི་ཁས་ལེན་བྱེད།།

ང་ཡི་བོར་བའི་མི་ཚེ་བཙལ་ནས་ཤོག།

ངོས་ནས་མི་ཚེ་སྐྱོ་ཞིང་འགྲོའོ་སྙམ།།

གཞན་གྱིས་མི་ཚེ་སྐྱིད་ཅིང་འདུག་གོ་སྨྲ།

སྣང་བའི་ལྭ་བ་ཕུད་དེ་སྒོར་བུད་ན།།

ཕྱི་ཡི་ཡུལ་ལྗོངས་ཡངས་ཤིང་ཆེ་བ་འདྲ།།

ཨ་ཙི་མི་ཚེ་འདི་ནི་རིང་བ་འདྲ།།

ཁོ་བོའི་སྐྱོ་གླུ་འདི་ཡང་སྙན་པ་འདྲ།།

ས་ལ་རྐང་རྗེས་འཇོག་པའི་མགོ་ནག་ཅིག།

གླུ་ཡི་འགྱུར་ཁུགས་འཇོག་པའི་ལས་ལ་བྲེལ།།

2010.3.15 ལ་རང་ཤག་ཏུ།

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།