Tuesday, September 13, 2011

མདང་ནུབ་ཡང་།


མདང་ནུབ་ཡང་།
སེང་རྡོར།


ཀྱེ་མ་མདང་ནུབ་ང་ཡི་རབ་གསལ་ཁ་ནས། །
གཡུ་ཡི་སྨིན་མ་ཞིག་གིས་སྐེ་སོ་ལྟའོ། །
ཀྱེ་མ་མདང་ནུབ་ང་ཡི་མཆོད་སྒམ་ངོས་སུ། །
ཞལ་འབག་ནག་པོ་ཞིག་གིས་དབུ་ཉུག་བྱེད་དོ། །
བྲང་གཞི་ཆེན་པོ་དེ་ཡིས་རྡོ་རྗེ་གསོར་རོ། །
ཟླ་བ་ཁམ་པ་དེའང་གདུགས་ལྟར་འཁོར་རོ། །
ཀྱེ་མ་མདང་ནུབ་ང་ཡི་རྣ་ཅོག་བུག་ནས། །
རས་པ་ཉམ་ཐག་ཅིག་གིས་བྱ་འབོད་འདོན་ནོ། །
ཀྱེ་མ་མདང་ནུབ་ང་ཡི་མལ་ཁྲིའི་ལོགས་སུ། །
ཀ་ལི་ཕྱེད་པ་ཞིག་གིས་དབུ་སྙུང་བཅས་སོ། །
ཕྱག་དཔེ་མདའ་ཚད་མ་ཞིག་རྟ་སྐད་སྒྲོག་གོ །
སྤྱང་ཐོ་ལྷམ་མགོ་ཅན་ཡང་རླུང་གིས་གསིག་གོ །
ལྟོས་དང་ཕར་ཞིག་ནམ་མཁའི་སྒོ་འཕར་ནང་ན། །
གཡུང་དྲུང་བཀའ་གཙིགས་ཁུར་བའི་གཤོག་པ་མཐོང་ཞིང་། །
སྐར་མའི་ཐོད་ཕྲེང་བཞེས་པའི་མཚན་མོའི་པང་དུ། །
མཐའ་ཆགས་ལྷ་ཡིས་བྱས་པའི་མངའ་རིས་གསལ་སོང་། །
རབ་རིབ་བསང་མེའི་ངོགས་སུ་ཡོབ་རྡུང་ཐོས་འོང་། །
ཕན་ཕུན་དར་ལྕོག་གསེབ་ཏུ་སྣ་སྦྲིད་གོ་འོང་། །
ལྟོས་དང་ཚུར་ཞིག་ང་ཡི་སྡོད་ཁང་ཀླད་ལ། །
དུས་གསུམ་སྣོད་དུ་བསྒྲིགས་པའི་དཀར་ཆ་བབས་ཏེ། །
བརྒལ་མེད་ན་བུན་འཐིབས་པའི་བང་རིམ་རེ་རེར། །
ལོ་ཟླའི་ལྷ་སྒྲུང་རིང་མོ་སྟག་ཤ་བྲིས་འདྲ། །
སྐྱ་མདའ་མ་གསལ་བར་དུ་རྨིག་སྒྲ་བྱུང་ངོ་། །
མུན་པ་མ་འཛད་བར་དུ་རྔ་སྒྲ་གྲག་གོ །
ཀྱེ་མ་ད་དུང་ལྗང་ལོའི་ཤམ་ཐབས་ཅན་ཞིག །
སེང་ལྡེང་ནགས་མའི་ཚལ་དུ་བྱང་ལ་གཟིགས་ཤིང་། །
ཀྱེ་མ་གཞན་ཡང་པད་མའི་དགྲ་སྟ་ཅན་ཞིག །
དུར་ཁྲོད་བསིལ་བ་ཚལ་དུ་ཤར་ལ་ཆས་སོ། །
ཉི་མ་དམར་ཐག་ཆོད་དུས་མ་ཎི་ལྷང་ལྷང་། །
གྲྭ་པ་བཤུམས་ཐག་ཆོད་དུས་མི་རོ་ཐར་ཐར། །
ལས་ཀྱི་མགྲོན་བུ་སྤྲས་པའི་སྦྲང་མ་དེ་ཚོ། །
མདང་ནུབ་ངེད་ཅག་སྐྱོ་བའི་སྐྱོ་རོགས་ཡིན་སོང་། །
འགྲོ་དྲུག་ཕྱག་ངོར་གཟིགས་པའི་དཀྱིལ་ཀྲུང་དེ་ཚོ། །
མདང་ནུབ་ཁྱེད་ཅག་སྡུག་པའི་སྡུག་རོགས་ཡིན་སོང་། །
འདི་ན་སུ་ཡང་ཉི་ཟླའི་མཐའ་གཉིས་ཡིན་པས། །
འབྱུང་བཞིའི་དོ་ཤི་དོ་ཆད་ལབ་ཚོད་མ་ཡོད། །

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།