བརྩེ་བའི་གྲོགས་མཆོག་དམ་པ་སྐལ་རྡོར་ལགས་སུ།
ཉེ་ལམ་ཉིད་ཀྱི་དོན་དག་ཁ་ཤས་གོ་ལ་བདེ་བར་བདོག་པ་གཞིར་བཅས།
ཆེད་ཞུ།
འདྲིས་རིང་སྙིང་གི་གྲོགས་པོ་ཉིད་ས་མཐའ་ནས་མཐའ་རུ་འཁྱམས་ཏེ་རྒྱལ་ཁམས་རིག་པའི་བསྐོར་བའི་སྐབས་སུ། ཉིད་ཀྱི་གྲོགས་མིང་འཛིན་པ་ཁོ་བོ་དུར་ཁྲོད་ཀྱིས་ཀྱང་སེམས་ཀྱི་སྐད་ཆ་ཡི་གེར་ཕབ་སྟེ་ལན་ཁ་ཤས་ལ་སྤྲིངས་པ་འབྱོར་ཡོད་པ་གཞིར་བཞག དེང་འདིར་ ༡༩༦༡ ལོར་སྨན་རྩིས་ཁང་འགོ་འཛུགས་བྱས་པ་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ཆལ་ཆོལ་གྱི་བརྗོད་བྱ་དག་ཡིག་ཐོག་ཏུ་ཕབ་འབྲི་དང་དཔྱད་པའི་ཁུལ་གྱིས་ཟླ་གསུམ་ཙམ་ཐལ་བཞིན་ཡོད་པས། མགོ་བོ་འཐོམ་ཞིང་ཁེར་རྐྱང་གི་རྣམ་པས་གདུང་ལ། གྲོགས་པོ་ཉིད་དང་མཇལ་འདོད་ཀྱང་ཤིན་ཏུ་ཆེ་བས་ད་ལན་ཡང་སེམས་ཀྱི་སྐད་ཆ་ཁ་ཤས་ཀ་མད་སུམ་ཅུའི་སྦྱོར་སྡེབ་དང་བསྒྲིགས་ཏེ་ཕུལ་བ་ཡིན་ན་གྲོགས་ཉིད་ཀྱི་ཁེར་རྐྱང་གི་སྐྱོ་བ་མཐའ་དག་སྟོང་བའི་དབྱིངས་སུ་ཞུ་བའི་རྒྱུ་རུ་གྱུར་ཅིག་གུ།
སྤྱིར་འཇིག་རྟེན་འཁོར་བ་འདིར་མིའི་བསམ་པ་ནང་བཞིན་འགྲོ་བའི་ལམ་འགྲོ་ཞིག་དང་ལས་འཕྲོ་ཞིག་ཕལ་ཆེར་མེད་པ་འདྲ་ལ། བརྒྱ་ལ་སྲིད་ཙམ་ཡོད་ན་ཡང་། ཁ་རྒྱུན་ལ། བླ་མ་ཕེལ་ཆེར་ཕྱུག་པོའི་ཁྱིམ་ལ་འཁྲུངས།། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་ལ་སྐྱེ། །ཞེས་པ་ལྟར་འབྱོར་ལྡན་གྱི་ཁྱིམ་དང་། རང་དབང་གི་རྒྱལ་ཁབ་དག་གི་ཕུགས་དང་འཕྲལ་གྱི་སྐྱིད་འཛིན་པ་དག་གི་དབང་དུ་འགྱུར་བ་ལས། ངེད་ཅག་ལྟར་རང་ཚོད་མ་ཟིན་པར། རྟག་པར་ཁ་རིན་པོ་ཆེའི་ནང་ནས། གཞན་གྱི་བཀོལ་བྱའི་ཁྱི་དང་བྱ། ཟམ་དང་རི་དང་ཤིང་ལ་སོགས་སུ་འགྱུར་བར་སེམས་སྟེང་ནས་སྨོན་པ་དང་སྨོན་ཁུལ་བྱེད་མི་རྣམས་ལ་རེ་བ་དེ་མེད་པ་འདྲའོ། རང་གི་མགོ་ནས་རྐང་བར་ཞིབ་ལྟ་ཞིག་བྱས་ཤིང་། ཆུང་མི་ལོ་བདུན་ཙམ་ནས་ཅིག་སྦྱོང་ཁུལ་བྱས་པ་ནས་ད་ལྟའི་བར་གྱི་ཐོབ་ཤོར་དང་། དར་རྒུད་ལ་བསམ་གཞིགས་རེ་གནང་ན། སེམས་པ་སྐྱོ་བའི་མི་ཚད། གདོང་པ་མཆི་མས་གང་ཞིང་། མགོ་བོ་བྲང་ཁར་ལྷུང་བའི་རྣམ་པ་ཞིག་རང་བཞིན་གྱིས་མི་སྟོན་དབང་མེད་ལ། ཕྱིར་ཕ་ཡུལ་དུ་འགྲོ་བའི་ལམ་ཁ་ཡང་ཡོངས་སུ་འགག་ཚར་བ་གཞི་ནས་ཤེས། ཁ་རྒྱུན་དུ་དབུས་ཕར་འགྲོ་རྩ་ར་ཚུར་ཡོང་དཀའ། ཞེས་པ་ཞིག་ཡོད་པ་དྲན་ནམ། ང་ནི་འདི་ལྟར་ངང་བ་སེར་བོ་འདྲ་བས་བན་ཆོས་མེད་ཅིག་གི་རྣམ་པར་ཐར་བ་བསྐྱངས་པར་སྐྱོ་ཡང་སྐྱོ་ལ། སུན་ཡང་སུན།
རེད། ལྟོས་དང་། ངས་འདི་ནི་ངའི་ལས་དབང་ལ་ངོས་འཛིན་བྱེད་ལ། འཇིག་རྟེན་གོ་ལ་འདིའི་སྟེང་གི་འཚོ་བ་འདིའི་ཟུར་ཞིག་སྟེ། ཁ་དོག་གི་ཆ་དང་མཛེས་སྡུག་གི་ཆ་རེ་ཡང་ཡོད་ངེས་མོད། ལུང་པ་ཁ་བྱང་བལྟས་ཤིག་གི་ནང་སྐྱེས་པའི་མེ་ཏོག་བཞིན་ཡོད་ཚད་མཐའ་མཇུག་གི་ས་ཚིགས་ཤིག་ཏུ་ཐོན་ཡོད་པ་འདྲ།
ཆེན་པོ་དག་ལ་ངོ་བསྲུང་བའི་གཤིས་ཀ་དེ་སྔོན་ནས་མེད་ལ་བསླབས་ཀྱང་མི་ལོབས་པར་མཐོང་བས་གཡུགས་ལ། རང་གི་འདོད་པ་དེ་གཙོ་བོ་བྱེད་བསམ་གྱི་སྤོབས་པ་ཡང་ད་བར་མ་བསླེབས་པས་སྐྱ་མིན་སེར་མིན་གྱི་ཚད་ཅིག་ལ་བསྐྱལ་ཡོད་པ་ཤེས་པས། ད་ལོ་ ངས་ཀྱང་གྲྭ་ས་ནས་ཆེས་མཐའ་མཇུག་གི་དམག་འཁྲུག་དེ་རྒྱག་པར་འབད་བརྩོན་བྱེད་བཞིན་ཡོད་ལ། རེ་བ་དེ་རྫོགས་སོང་ན། སེམས་པ་ཞིག་དལ་དུ་མཇུག་ཐུབ་པ་འདྲ་ལ། ད་དུང་ཡུལ་ཕྱོགས་ནས་ཀྱང་ཕ་མས་སྤྲད་པའི་མགོ་བོ་འདི་གཞན་གྱི་ཕྲག་སྟེང་དུ་ཚུགས་པར་ངོས་འཛིན་པ་འདྲ་ལ། རིགས་མཐུན་ཁྱུ་ཞིག་ཀྱང་དགའ་སྤྲོ་དཔེ་མེད་པ་རེ་སྐྱེ་བར་མཐོང་བས་བཙན་གྱིས་དམག་འཁྲུག་འདི་མི་རྒྱག་ཀ་མེད་ཆགས། དེ་ཡང་ཡིན་ཏེ་ཆུང་དུས་ནས་འབྱར་བའི་གཤིས་ཀ་ཞིག་གིས་ཀྱང་ཞར་ཞོར་ནས་སྐུལ་མ་བཏང་བས། དུས་དེ་ལ་མ་ཐོན་བར་དུ་ཁོ་བོ་སླར་ཡང་འདི་ནས་གནས་མལ་སྐྱོང་དགོས་པ་འདྲའོ།
རེད་དེ། གྲོགས་པོ། ལན་ཆགས་ཤིག་ཏུ་བརྗོད་ཆོག་གམ། ལས་དབང་ཞིག་ཏུ་ངོས་འཛིན་ཆོག་གམ། སུས་ཀྱང་རང་ཉིད་ཀྱི་ཕུགས་འདུན་དང་འཚོལ་སྙེགས་ལ་འབྲས་བུ་རེ་སྨིན་པར་འདོད་བཞིན་ཡོད་མོད། སྲིད་པ་ཙམ་གྱིས་ད་གཟོད་རང་གི་འདོད་པ་དེར་ལོངས་སྤྱོད་ཐུབ་པ་ལས། འདོད་པའི་འབྲས་བུ་དང་རང་ཉིད་ཀྱི་བར་ཐག་ན་སངས་རྒྱས་ཀྱིས་ཀྱང་ཚད་འཇལ་མི་ཐུབ་པའི་གསང་བ་ཞིག་ཡོད་པ་འདྲ་བས། ད་ནས་བཟུང་མི་ཚེ་ཐུང་ཐུང་འདི་ལ་འཆར་གཞི་ཆེན་པོ་འཐེན་པའི་རེ་བ་དེ་ཡང་མེད་ལ། གང་དགའ་གང་སྐྱིད་ཀྱི་གནས་ཤིག་ཏུ་ལྷོད་ལྷོད་ཀྱིས་འཆམ་འཆམ་རེ་བྱས་ཏེ་ མི་ཚེའི་ཁྲལ་ལས་འདི་མཐའ་རུ་སྐྱེལ་འདོད་ཀྱི་འདུན་པ་སྐྱོ་ལྷང་ངེ་བ་ཞིག་ལས་ཅི་ཡང་མེད། འདི་ནི་ངའི་མི་ཚེ་གང་འཚམ་ལ་སློབ་གཉེར་བྱས་པའི་འབྲས་བུ་རེད་ལ། སྙིང་སྟོབས་ཀྱིས་སྟོང་བའི་གཤིས་ཀ་འདི་ཡང་མཇེ་རྙིད་པ་ཞིག་དང་མི་ནད་པ་ཞིག་གི་ངང་ཚུལ་ཨ་ན་མ་ན་རེད། གོ་རིམ་༼ཚད་ངེས་ཅན་ཞིག་སྒང་ནས་བལྟས་ན་བར་སྐབས་ཤིག་ནས་རང་གི་མདུན་ལམ་དང་རང་ཉིད་ཀྱི་བར་ཐག་ལ་ཁྱོན་ནས་བསམ་བློ་གཏོང་མ་མྱོང་།༽ཟེར་བའི་སྐད་ཆ་འདི་ཁྲི་སྟོང་ཞིག་བཟླས་ཀྱང་ལར་ནས་མ་རྟོགས་པ་ནི་གོ་རིམ་སྟེ། ཐེམ་པ་འོག་མ་ནས་ཐེམ་པ་སྒང་མ་བརྒལ་བ་དང་། ཕྱི་ལོགས་ནས་ནང་དུ་འཛུལ་བ། ཆེན་པོ་ནས་ཆེ་རུ་འཚར་བ་སོགས་གོ་རིམ་ངེས་ཅན་ཞིག་གི་རྒྱས་བཏབ་སྟེ་འདུག་ལ། འདོད་པ་དང་ཧམ་པ་ཆེ་བས་ཕན་ཐོགས་ཅི་ཡང་མེད་པ་ནི་གོ་རིམ་གྱི་རྒྱ་འདི་ཁོ་ན་ཡིན་པ་འདྲ། ཁྱེད་ཀྱིས་སོམས་དང་། རྐ་ནར་ནར་ཞིག་གི་ནང་ཆུ་ནར་ནར་ཞིག་བཞུར་ངེས་ལ། ཤུལ་གོར་གོར་ཞིག་གི་ནང་ཆུ་གོར་གོར་ཞིག་འཁྱིལ་ཡོད་པ་མ་ཡིན་ནམ།༼འདི་ནི་གཏན་ཚིག་དང་རྡོ་རྗེ་བཀའ་རྒྱ་ལྟ་བུ་ཞིག་རེད་འདོད། ལས་ཀ་གང་ཞིག་ལ་ཡང་གོ་རིམ་ཞིག་དགོས་ནི་རེད།༽ འདི་ལྟར་དབྱིབས་དང་འདྲ་བའི་འབྲས་བུ་ཞིག་འབྱུང་ཚུལ་འདིས་ཀྱང་གཉའ་མ་མ་ཚ་བར་བུ་མི་སྐྱེ་བ་དང་། དཀའ་ལས་མ་བརྒྱབ་པར་འབྲས་བུ་མི་འབྱུང་བར་གསལ་འདེབས་གཏོང་བཞིན་པ་ཡོད་པ་རེད། དེ་རིང་དང་ཁ་སང་གཞི་ནས་ཞིབ་འདང་དང་བསམ་གཞིགས་གཏོང་བཞིན་ཡོད་ལ། ལས་སྐལ་གྱི་ཁུར་ཙ་དེ་ཡང་འཚམས་འདི་ནས་ཐང་ལ་འཇོག་པར་འདོད།
གལ་ཏེ་མ་བྱས་པ་དང་མ་འགྲིག་པ་ནི་རང་ངོས་ནས་ཤེས་ཚོད་དེ་ཙམ་གྱིས་མི་ཚད་ན་ཡང་ཐང་མོད། ངོས་ནི་རང་གི་སྐྱོན་ཆ་དང་པོ་ནི་འདི་ལྟར་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་དང་། གོ་རིམ་མ་ཤེས་པའི་གནད་འགག་འདི་ཁོ་ནར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཞར་ཞོར་དུ་གྲོང་གསེབ་ཁུག་ཀྱོག་མིང་ལ་དགོན་པ་བཏགས་པ་ཁ་ཤས་ནས་ཀྱང་ལོ་ཡི་ཕྲེང་ཐག་ཁ་ཤས་མི་འདོད་བཞིན་དུ་ཡལ་སོང་བས། ཆེན་པོ་དག་གི་འགྲོས་དང་མཉམ་པའི་སྐད་སྒྲ་ནི་ཕར་ཞོག་རང་མཉམ་སྐྱ་སྟོང་དག་ལས་ཀྱང་ཆེས་སྡུག་པའི་ཚད་གཞི་ཞིག་ཏུ་ལྷུང་ནས་ཡོད། རེད་དེ། འདས་པ་ནི་དེ་འདྲ་ཞིག་རེད་དེ། རྗེས་མའི་འཚོ་བའི་ཐད་ངས་ཀྱས་སྔོན་ཆད་ལོ་གཞོན་གྱི་སྣང་བ་བཙན་པོས་བསླངས་པའི་ཕུགས་འདུན་དེ་འདྲ་དང་། ཆེན་པོ་དག་གིས་ཁད་ཀྱིས་གཅོད་པའི་ནམ་འཕང་དེ་འདྲ་མི་འཛིན་པ་ལས། རང་ཉིད་གཅིག་བུའི་གང་དགའ་གང་སྐྱིད་བྱས་པའི་འཚོ་བ་རལ་པོ་འདི་དང་། ཡུན་རིང་སྙིང་ལ་བཅངས་ནས་བདག་ལ་ཅེར་བའི་ཕ་མ་གཉིས། མི་ལོ་ཉེར་བདུན་ལ་གང་ཞིམ་གང་མངར་ཟོས་པའི་ཟས་རིན་སོགས་ཀྱི་དོད་ཙམ་ཞིག་འཇོག་པར་འབད་བརྩོན་མུ་མཐུད་བྱེད་ངེས་ལ། ད་ལྟའི་འཚོ་བ་ལས་ལོག་པའི་ངོས་གཞན་ཞིག་དང་ཟུར་གཞན་ཞིག་ནས་འདོད་མོས་དང་སྟབས་བསྟུན་གྱིས་འབྲས་བུ་ཞིག་ལེན་པར་ཤུགས་ཀྱིས་གཞིག་གིན་ཡོད་ལ། དེ་ལྟ་བུ་ཞིག་བརྒྱུད་པར་གོ་རིམ་གང་འདྲ་ཞིག་བརྒྱུད་དགོས་པར་སྔོན་ཚུན་ནས་གྲ་སྒྲིག་དང་ལམ་ཁ་བཟོ་བཞིན་ཡོད་པས། ཆེན་པོའི་རྐང་འོག་ཏུ་ཟགས་པའི་དམའ་བ་ང་ཡང་ད་དུང་མགོ་འཕང་མཐོན་པོའི་ངང་ཚུལ་ནི། ཁ་རྒྱུན་དུ། ཁ་དཀར་རྐྱང་དང་ཅང་ཤེས་རྟ། ། ཤི་ཡང་མགོ་བོ་མི་དམའ་བ།། འཆི་བར་སྐྲག་པ་མི་ཡིན་ཏེ།། ཅང་ཤེས་ཡོངས་ཀྱི་དཔའ་ཚུལ་ཡིན་ཞེས་པ་ལྟར་རོ།
ཨོ་རེད། ད་དུང་བཤད་དགོས་པའི་སྐད་ཆ་ཚིག་གཅིག་ལྷག་ཡོད་པ་ནི། ཉིད་ཀྱང་ས་མཐའ་ནས་འཚོ་གྲང་ཤུར་ཤུར་ཞིག་རོལ་ཀྱིན་ཡོད་སྐབས་༼དགའ་སྤྲོའི་ཁེངས་པའི་དུས་ཀྱང་ཡོད་སྲིད་མོད་འདིར་གླེང་མེད།༽ཁེར་རྐྱང་གི་སྣང་བ་དང་ཡོད་ཚད་འཕྱི་སོང་བའི་སེམས་ཚོར་དྲག་པོ་རེ་སྐབས་རེ་བསྟུན་མུར་བྱུང་ཡོད་ངེས་ལ། དེ་དང་དེ་དག་གི་སྐབས་སུ་ཡང་ཅིས་ཀྱང་ཡིན་ངེས་པ་ནི་འོག་ནས་སྒང་དུ་འགྲོ་བའི་གོ་རིམ་དང་། མཐོ་ས་ནས་དམའ་སར་སྟུག་སེ་ལྷུང་འགྲོ་བའི་རྒྱུ་མཚན་འདི་ཡིན་ཁོ་ཐག་ཡིན་པས། སྐབས་བསྟུན་གྱི་བསམ་བློ་དང་སེམས་ཚོར་དེའི་དབང་དུ་མི་གཏོང་བར་ད་ནི་བྱ་བའི་ལས་སུ་ཧར་གྱིས་འཇུག་རིག་སྟེ། འཚོ་བ་གསར་བ་ཞིག་གི་འགོ་བཙུགས་ཟིན་ལ་གསར་དུ་བཙུགས་པ་ཡང་ཡིན་པས། འབད་པས་བསྐྱངས་པའི་མི་ལོ་བཅུ་ལྷག་གི་གྲུབ་འབྲས་དོར་ཤུལ་ནས་ཡང་བསྐྱར་འགྲེང་བཞིན་པའི་རྣམ་པ་ཞིག སྤྱི་ཚོགས་འདི་དང་ཁད་ཉེ་བའི་ཡུལ་མི། རེ་བལྟས་འཆའ་བའི་ཕ་མ། རྒྱབ་ཏུ་འགྲེང་པའི་གྲོགས་པོ། དེ་དང་ལྟ་བུའི་གནོན་ཤུགས་ཀྱི་ར་བ་ཞིག་བརྒལ་བའི་སྟ་གོན་ཡོད་ཀྱང་ངེས་ལ་ཡོད་ཀྱང་དགོས་པ་ཁོ་བོའི་སྐད་ཆ་ཐ་མ་སྟེ། བློ་ཡི་གཏིང་ལ་སིམ་སིམ་མི་འབབ་ཀྱང་དཔྱད་པའི་ངོས་ལ་ཁད་ཀྱིས་ལྷུང་བའི་ཡིད་ཆེས་དགུ་བརྩེགས་དང་བཅས་གནས་མཆོག་ཛ་ལན་དྷ་ར་དང་ཁད་ཉེ་བའི་གངས་སྐྱིད་གཤོངས་ཀྱི་རང་ཤག་ཆང་ཁང་ནག་པོ་ནས་ང་དུར་ཁྲོད་ཀྱིས་སྤྲིངས་པའོ།
སེམས་འདི་སྐྱོགས་ཀྱིས་མ་བཅུས་ཤིང་།།
ལུས་འདི་ཚོན་གྱིས་མ་བསྒྱུར་མོད།།
ངལ་བས་བསྐྲུན་པའི་རིན་ཐང་ནི།
རྐང་པ་བརྡར་བའི་ཤུལ་ཙམ་མོ།།
རང་གི་སེམས་ཀྱིས་མ་བཏང་ཞིང་།།
ད་དུང་དུངས་ཀ་ཆེ་བའི་གྲོགས།།
གང་ན་བཞུགས་པ་དེའི་དྲུང་དུ།།
རྒན་པོའི་སྐད་ཆ་འདི་བསྐུར་དོ།།
20༡༡.༩.༣༠ ཉིན།
བདེ་མོ།
ReplyDeletebreak you heart.so I like this blog.
ReplyDeleteThis comment has been removed by a blog administrator.
ReplyDeleteབདེ་མོ་གྲོགས་པོ།
ReplyDeleteཧི
ReplyDeleteགང་ན་ཡོད་ན་ལན་རྒྱོབས།
ReplyDeletewe out you.
ReplyDelete