Saturday, September 3, 2011

གྲོགས་པོ་ཞིག་དང་ཐུག་འཕྲད་བྱས་རྗེས།


Sunday, July 17, 2011

12:14 AM

མི་ལོ་སུམ་ཅུའི་མི་ཚེའི་ཁྲལ་ལས་ཀྱེ་མ་ཤིན་ཏུ་རིང་བོ་ཡིན།།

གྲོགས་པོ་ཁྱོད་ཀྱིས་ལ་འདི་བརྒྱབ་སྟེ་ལུས་སེམས་ཉོབ་ཅིང་ཆད་ཡོད་ངེས།།

མྱུར་ཏུ་སྐེད་རགས་ལྷོད་ཀྱིས་བཤིགས་ཏེ་ང་དང་འཛོམས་བག་གཅིག་བྱེད་དམ།།

མིན་ན་བཞི་བཅུའི་ལ་རྒན་འཕྲེད་དུ་གཅོད་ལ་ད་ལྟ་བྲེལ་རྒྱུ་ཡིན།།

སྔོན་ནས་འདྲིས་པའི་སྙིང་གི་རུས་པ་ད་དུང་རྐང་གིས་བརྒྱན་ཡོད་དམ།།

ཡུན་རིང་མ་ཐུག་ཁ་ངོའི་མདངས་ལ་མིག་གི་མཆི་མས་བྱུགས་མེད་དམ།།

ཉོན་དང་སྔོན་ནས་བཏབ་པའི་ཁ་ཆད་ད་དུང་ད་ལྟ་གྲགས་བཞིན་འདུག།

ལྟོས་དང་ཐོག་མར་བརྒྱུས་པའི་དམ་ཚིག་དེ་རིང་ད་ལྟ་འགུལ་བཞིན་འདུག

ཁྱོད་རང་ཕྱིན་པའི་མི་ཡུལ་གཞན་དུ་དེ་དུས་ཁ་བ་བབས་ཡོད་ངེས།།

སེམས་ཀྱི་རྟེན་ས་ད་དུང་མ་རྙེད་སེམས་ཀྱི་ཁ་དོག་ནོགས་ཡོད་ཚོད།།

གླིང་ལ་འདྲིས་པའི་གྲོང་ཁྱེར་འདི་ནས་ཁྱོད་དང་འུ་གཉིས་ལྷན་དུ་འཛོམས།།

སེམས་ཀྱི་ཁ་བརྡ་ལྷོད་ཀྱིས་གློད་ན་འགྱངས་པའི་བསམ་པ་མཚོན་ནམ་ཅི།།

བྲལ་ཁར་བཞག་པའི་ལག་འཇུ་དེ་ནི་རང་གི་སེམས་ལ་ཉར་ཡོད་དམ།།

ལ་མོར་ཐུག་པའི་དམ་བཅའ་དེ་ཡང་ཚིག་གི་བརྡ་ལ་འཕྲོད་ཡོད་དམ།།

མི་འགའ་མྱི་ཁ་བཞིན་དུ་དེ་རིང་ཁྱོད་ཀྱི་མཐའ་རུ་རུབ་སྲིད་ཀྱང་།།

རྨི་ལམ་གཅིག་གི་རོལ་མྱོང་གོང་དུ་སྨུག་པ་བཞིན་དུ་དྭངས་ཀྱང་སྲིད།།

ཐམས་ཅད་སྐད་དུ་ཁྱོད་ཉིད་བོས་ཀྱང་ཐག་ནི་དེ་སུ་རིང་ཙམ་སྙམ།།

བར་གྱིས་ཆོད་དེ་སྐད་ཆ་དག་ནི་ཞེ་དྲག་གོ་བ་ཨེ་ཡོད་སྙམ།།

ལྷོད་ལ་འཁོར་བའི་ཉི་མ་དེ་ནི་དེ་རིང་ཡིན་ནམ་ཡིན་ནམ་སྙམ།།

གྲོགས་པ་ཁྱེད་ཀྱིས་དགོངས་པ་བཞེས་སམ་མི་འདུག་ལོ་མོར་བཞུད་དམ་ཅི།།

ཉི་མ་འདི་ནི་ཕ་ཀི་དེ་ནས་ནམ་ནམ་གཞར་གཞར་འཆར་བཞིན་འདུག།

ཟླ་བ་འདི་ནི་ཚུ་རོལ་འདི་ནས་ཡང་ཡང་འོར་འོར་ནུབ་བཞིན་འདུག།

རེ་བའི་གྲོགས་པོས་དགེ་བར་དགོངས་ཏེ་དམ་ཚིག་ཉིན་གཅིག་སྲུང་བའམ།།

ཕྱི་མིག་ཅིག་གིས་བདེ་མོ་བཞག་ཏེ་ཕེབས་སམ་ཅི་དགའ་དེ་ལྟར་མཛོད།།

Friday, September 2, 2011

ཆད་སོང་བའི་རྣམ་རྟོག


བདེ་བའི་རྨི་ལམ་ཞིམ་པའི་ཟས་སུ་རློམ་སྟེ།།

བརྩེ་བའི་འཛུམ་ཆུང་མར་ལོའི་གཟུགས་སུ་ཕུལ་བས།།

རྒྱང་ནས་རིང་དུ་ཆད་པའི་རྣམ་རྟོག་ཡོལ་བ།།

གྱེས་ཁའི་ཕྱི་མིག་ཅིག་གི་ཕྲག་ལ་ལྷུང་ཐལ།།

ལམ་དེ་དཀར་པོ་ཡིན་ན་ཕྲེད་དུ་བཅད་ཆོག།

ང་ནི་རྐང་ལམ་འགྲིམས་པའི་མཇལ་བ་དེ་ཡིན།།

ཕྱག་ཟུང་དར་དཀར་རྐྱོང་བའི་ལྷ་མོ་ཁྱོད་ལ།།

འཇིག་རྟེན་འདི་ནས་འཛོམས་པའི་ལས་འཕྲོ་ཡོད་འདུག།

ཁྱོད་ཀྱིས་རྗེན་རྗེན་དམར་དམར་གསུངས་པ་དེ་དག།

ཁྱོད་ཀྱིས་ཡང་ནས་ཡང་དུ་བསྐྱོར་བ་དེ་དག།

སྐྲ་དང་པགས་པ་བརྒྱུད་ནས་རུས་པར་ཐིམ་པས།།

ངོས་ནས་ཁྱོད་ཀྱི་ཡོད་ཚད་གསལ་ལེར་མཐོང་སོང་།།

ཞལ་ངོ་པིར་གྱིས་མ་བྲིས་ནམ་མཁའི་ལྷ་མོར།།

སྤྱན་མིག་འཐབས་པའི་བར་ནས་ཡུན་ཙམ་ལུས་པས།།

ང་ཡི་སྣང་བ་སྟོང་བའི་དབྱིངས་ལ་འདྲིས་བྱུང་།།

ཁྱོད་ཀྱི་དགའ་བ་མི་ཤིགས་ཁམས་སུ་བརྟན་སོང་།།

ཨེ་མ་དེང་འདིར་བརྗིད་པའི་ཆེན་པོ་དག་གིས།།

སྐྱིད་པའི་གནས་མལ་འདི་འདྲ་མ་རྙེད་གོང་ལ།།

ལན་ཆགས་ལུས་ནས་དག་པའི་ཨ་སྐྱོ་བ་ཡིས།།

མ་བསམ་བརྗོད་ལས་འདས་པའི་དགའ་བ་འཁྱོངས་སོ།།

ལས་ཀྱི་ཐག་པ་རེ་རེ་འདི་ལྟར་བཅད་ཅིང་།།

རྣམ་རྟོག་གཉེར་མ་རེ་རེ་སེམས་ཀྱིས་བཤིགས་ན།།

ང་ནི་དར་ལ་བབ་པའི་ན་ཆུང་ཡིན་སྐད།།

ང་ནི་བརྩེ་བ་ལྡན་པའི་མྱི་ཞིག་ཆགས་སྐད།།

ཀྱེ་མ་འཁོར་བའི་གསང་བ་ཡོངས་སུ་བརྟོལ་བས།།

ཐམས་ཅད་སྐད་དུ་བརྗོད་ཀྱང་སྙིང་བོ་ཅི་ཡོད།།

བྱིན་པའི་མི་ཟིན་སེམས་ཀྱི་བདེ་བ་མཐའ་མེད།།

ཡོངས་སུ་འཛིན་པའི་ལྷ་མོ་འདི་ཀོ་ཉིད་དོ།།

བོད་ལ་བདག་པའི་ཡུལ།

ཆུ་བོ་དེ་ནི་ཀྱ་ཀྱུའི་ངང་ནས་འདི་རུ་བཞུར།།

མེ་ཏོག་དག་ཀྱང་འདབ་མ་གཡོ་བཞིན་འདི་ནས་སྐྱེས།།

སྔོ་ལྗང་བཀྲ་བའི་ཞིང་ཁམས་འདི་ནི་ང་ཚོའི་སྟེ།།

སེམས་ཀྱི་རྟོག་འགྱུ་ཡུན་གྱིས་བཞུར་བའི་མོན་ཡུལ་ལོ།།


ཤིང་ནགས་དག་གིས་བོད་ཀྱི་མི་ལ་གྲིབ་བསིལ་སྦྱིན།།

ཕུ་ཆབ་འདི་ཚོས་བོད་ཀྱི་མགྲོན་པོར་སྐོམ་གདུང་སེལ།།

ཕ་ཡུལ་བོར་བའི་མི་ཚོགས་དག་ལ་སྣེ་ལེན་གྱིས།།

བཙན་པའི་དུས་ཀྱི་དམག་བྲོ་དག་ཀྱང་འཁྲབ་བཞིན་འདུག།།



སྐད་ཀྱི་རོལ་མོ་དལ་གྱིས་དཀྲོལ་བའི་མོན་པ་ཚོས།

ང་ཅག་བོད་ལ་བརྩེ་བའི་འཛུམ་གྱིས་བསུ་ལེན་བྱེད།།

ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོ་འཕྱུར་བའི་སར།།

བསམ་གཞིགས་སྟོང་གི་རི་མོ་འགུལ་བའི་དབྱངས་རྟ་ཆད།།


ལས་བརྩོན་ཞིང་འབྲོག་ལས་ལ་བྲེལ་བའི་གཤིས་ཀ་དང་།།

ཤ་རུས་གཅིག་པའི་གཉེན་ལ་དུངས་པའི་ངང་ཚུལ་འདིས།།

སྔོན་ཆད་བཙན་པོའི་དཔུང་གི་སྟོབས་ཤུགས་བསྒྱུར་བའི་མི།།

མི་ཡུལ་འདི་རུ་འདི་ལྟར་འཐོར་བར་སེམས་པ་སྨྲེང་།



བྱེའུ་ཆུང་ཅོ་ཀས་སྐད་བརྡ་བསྒྱུར་ཏེ་ཁམས་འདྲི་ཞུ།།

ན་ཆུང་གཞོན་མས་ཟུར་མིག་འཕེན་བཞིན་སྡོད་ཤོག་ཟེར།།

རང་ཡུལ་བོད་ལ་ཁོ་ཐག་འཚམས་འདྲི་ཆོད་ཡོང་གསུངས།།

རང་སེམས་འཁྱགས་པས་སླར་ཡང་དྲོད་ཅིག་འདི་ལྟར་རྙེད།།


རྒྱལ་བ་ཚངས་དབྱངས་ཆིབས་ཁ་བསྒྱུར་བའི་ལམ་དེ་ནས།།

བོད་ཀྱི་ཕྱོགས་ལ་རྒྱང་ལྟ་ཡང་ཡང་བྱས་པའི་ཚེ།།

སྤྲིན་དང་བསྡེབས་པའི་རི་བོ་ཞིག་གི་ཕང་བ་ནས།།

གསལ་ཞིང་སྙན་པའི་འབྲོག་གླུ་ལྷང་ལྷང་གྲགས་བཞིན་འདུག།།

20༡0.༨.༡2 ཉིན་མོན་རྟ་དབང་ནས་བྲིས།


Friday, February 5, 2010

མི་ཚེ་ལྷག་མ

ཨ་གསར་ཆེ་བའི་བུ་མོ།།
སེམས་ལ་འཐོག་པ་རང་རེད།།
དང་པོ་ཁྱོད་ལ་འགྲོགས་པ།།
གསར་འགྲོགས་ཆེ་བའི་ལན་སོང།།

སྐྱིད་ཆུ་སྔོན་མོའི་འགྲམ་དུ།།
སེམས་པ་སྐྱིད་ལ་བསྐུར་བ།།
ལས་དང་དབང་གི་འོག་ནས།།
སྣང་བ་གང་དྲན་འཆུག་སོང་།།

སྡུག་གི་མི་ཚེ་འདི་ལ།།
གསར་བུའི་ལས་འདི་སྡུག་པ།།
སྐྱིད་ན་ཚེ་སྔོན་ལས་རེད།།
སྡུག་ན་རང་གི་སྡུག་གྱོང་།།

ཁྱོད་དང་འགྲོགས་ཡུན་རྫོགས་སོང་།།
ལས་ཀྱི་ལྷག་མ་ཚར་སོང་།།
ད་ལྟའི་དུས་ཚིགས་འདི་ལ།།
སྐྱིད་སྡུག་ཞུ་ས་མི་འདུག།


Saturday, June 13, 2009

ངའི་ཁང་པའི་མདུན་གྱི་སྔོང་ར།


ངའི་ཁང་པའི་མདུན་གྱི་སྡོང་ར་ན།

ནམ་རྒྱུན་ཅག་ཅག་གི་སྐད་སྒྲ་ཆེ་བའི་བྱེའུ་ཞིག་ཡོད།

བར་སྐབས་ཤིག་ནས།

ངའི་ཁང་པའི་མདུན་གྱི་སྡོང་མགོ་ན།

སྐྱིད་ཀྱི་དྲོད་ཁོལ་འཁྱིལ་སའི་བྱེའུ་ཚང་ཞིག་འདུག

ནམ་རྒྱུན་སྐྱ་མདའ་བཏང་བ་དང་བསྟུན།

ཅག་ཅག་ཅག ཅག་ཅག་ཅག

བྱེའུ་མ་དེས་འདི་ལྟར་སྐད་ཅོར་རྒྱག་པས

ངའི་རྨི་ལམ་གྱི་སྣང་བ་རུ་བཞེངས་པའི་ལྷ་མོ་དག་ཡལ་སོང་ལ།

ཧ་ཧ་ཧོ་ཧོར་བཏབ་པའི་དགོད་སྒྲ་དག་ཀྱང་གཟིམས་སོང་།

ང་ནམ་རྒྱུན་བྱེའུ་ཚང་དེར་ཅི་ཞིག་བཟོ་དགོས་སམ་བསམ་བཞིན་ཡོད།

ཏག་ཏག་སྐབས་ཤིག་གི་ཐོ་རེངས་ལ།

ངས་མདང་ནུབ་གྲ་སྒྲིག་བྱས་པའི་ཀོ་འཐེན་དེ་ཁྱེར་ཏེ།

སྡོར་རྩར་རྒྱུག་སྐབས།

ང་མ་སླེབས་པའི་སྐར་ཆ་ཁ་ཤས་ཀྱི་གོང་དེར་བྱེའུ་ཚང་ཐང་ལ་ཟགས་འདུག

བྱེའུ་མ་དེས་སྔར་ལས་ལྷག་པའི་སྐད་ཅོར་རྒྱག་བཞིན་འདུག

རེད། ངས་ཚོར་བྱུང་། ང་གོམས་འདུག

ནམ་རྒྱུན་བྱེའུ་མ་འདིས་སྐད་ནི་དེ་རིང་ནང་བཞིན་མི་འདུག

དངངས་འཚབ། འཇིགས་སྣང། གཏོལ་མེད།

ཨོ་དེ་རིང་གི་སྐད་ཅོར་འདི་ནི་ཞུ་བ་ཞིག་ཡིན་པ་ཚོར།

མིག་ཆུ་ཞིག་ཡིན་པ་ཡང་ཚོར།

སྒོ་རའི་ནང་གི་སྐས་སྐང་ལ་བརྟེན་ནས་ངས་ཚང་མལ་དེ་ཕྱིར་སྡོང་མགོ་རུ་བཞག

བྱེའུ་ཕྲུག་དག་གི་ལག་རྡང་འཐོར་སོང་མོད།

ཁ་ཤས་ད་དུང་གསོན་འདུག

མཚན་དེ་ནས་བཟུང་བྱེའུ་མ་དེས་ཡུན་རིང་ཞིག་ལ་སྐད་བརྒྱབ་མ་སོང་།

ངས་ནི་སྒེའུ་ཁུང་ལས་སྡོང་མགོར་ལྟ་ཐེངས་རེར།

བྱེའུ་ཞིག་གི་ཨ་མ་ལ་དགོངས་དག་ཞུ་དགོས་པའི་གནོང་འགྱོད་ཅིག་སྐྱེས།

ཞོགས་པ་དེ་ནས་བཟུང་། ང་སྔར་བཞིན་སྐྱ་མདའ་དང་ལྷན་དུ་སད་འགྲོ་ལ།

རྨི་ལམ་དུ་སྒོ་རའི་ནང་གི་སྡོང་མགོ་དེར་བྱེའུ་མང་པོ་འཛོམས་པའི་ངང་ཚུལ་བྱུང་།

དོན་ངོ་མར་བྱེའུ་སྐད་གདངས་ལ་སུན་པ་ནས་དུངས་པ་དང་།

རྒྱུས་མེད་ནས་རྒྱུས་ཡོད་དུ་གྱུར་བའི་གོ་རིམ་འདི་བརྒྱུད་དུས།

ངས་རང་གི་སྒོ་རའི་ནང་གི་བྱེའུ་ཚང་དེ།

ར་སྐོར་འདི་དང་བདག་པོ་དེའི་སྙིང་ཉེ་བ་ཞིག་དང་།

མཛེས་སྡུག་རྫོགས་མེད་ཅིག་ཡིན་པ་ཚོར།

ངའི་ཁང་པའི་མདུན་ན་སྡོང་ར་ཞིག་ཡོད།

སྡོའི་རའི་ནང་ན་བྱེའུ་ཚང་ཞིག་ཡོད།

ཞོགས་པ་སྐྱ་མདའ་དང་ལྷན་དུ་བྱེའུ་ཚོས།

རང་དབང་གི་གླུ་དབྱངས་ལེན་འགོ་ཚུགས།

སྡོང་པའི་མདུན་ན་ཁྱིམ་ཚང་ཞིག་ཡོད།

ཁྱིམ་ཚང་ནང་སྐྱེས་པ་ཞིག་ཡོད།

ཁོའི་རང་དབང་གི་གླུ་སྐད་འདི་ལ་སྙན་ངག་ཅིག་འབྲི་བཞིན་ཡོད།

འཇིག་རྟེན་གྱི་ཉི་མ།


བདག་གི་རྨི་ལམ་སྐྱ་མདའ་མ་བཏང་སྔོན་ལ།།

ཁ་ཆར་རླུང་བུས་འཇིག་རྟེན་མ་བཅོམ་གོང་ལ།།

ཉི་མ་དེ་ནི་འཇིག་རྟེན་ཉི་མ་ཡིན་སོང་།།

དྲོད་དང་སྨོན་ལམ་འཛོམས་པའི་ཉི་མ་ཡིན་སོང་།།

ཉྀ་མ་དེ་ལ་ཉེ་རིང་ཆགས་སྡང་མི་མངའ།།

ཉི་མ་དེ་ལ་འཕེལ་འགྲིབ་འགྱུར་བ་མི་མངའ།།

བདག་གི་རྨི་ལམ་སྐྱ་མདའ་མ་བཏང་སྔོན་ལ།།

ཉི་མ་དེ་ནི་འདི་ལྟར་བོད་ལ་ཤར་སོང་།།

བདག་གི་རྨི་ལམ་སྐྱ་མདའ་བཏང་བའི་རྗེས་ལ།།

དཀར་དམར་གློག་གི་སྣང་བ་རྒོད་པའི་དུས་ལ།།

ཉི་མ་དེ་ནི་འཇིག་རྟེན་གཞན་ལ་ཤར་འདུག

འོད་ཀྱི་སྣང་བ་ཡུལ་ཕྱོགས་གཅིག་ལ་ཤར་འདུག།

ཉི་མ་དེ་ལ་བརྩེ་བའི་སེམས་པ་མི་འདུག།

ཉི་མ་དེ་ལ་རིང་བའི་ཁྲེལ་གཞུང་མི་འདུག།

བདག་གི་རྨི་ལམ་སྐྱ་མདའ་བཏང་བའི་རྗེས་ལ།།

ཉི་མ་དེ་ནི་འདི་ལྟར་ནུབ་ལ་ནུབ་སོང་།།

མེས་པོས་ཉི་མ་སེམས་ཀྱི་འོད་ཐིག་ཡིན་ཟེར།།

བདག་གི་རྨི་ལམ་སྐྱ་མདའ་བཏང་བའི་རྗེས་ལ།།

མེས་པའི་ཉི་མ་སྔོན་གྱི་དེ་འདྲ་ཡིན་ནམ།།

ནམ་ཡང་འགྱུར་བ་མེད་པའི་འོད་ཅིག་ཡིན་ནམ།།

ཕ་མས་ཉི་མ་སྐྱིད་ཀྱི་ཁྱིམ་ཞིག་ཡིན་ཟེར།།

རྨི་ལམ་སྐྱ་མདའི་སྣང་བ་བསྡུས་པའི་རྗེས་ལ།།

ཉི་མ་དེ་ནི་བརྩེ་བའི་དབྱངས་ཤིག་ཡིན་ནམ།།

གདོད་ནས་བརྩེ་བར་འཐག་པའི་དབྱངས་ཤིག་ཡིན་ནམ།།

Tuesday, May 5, 2009

སྒྲོལ་མ་ལྟ་བུའི་བུ་མོ་འདི།





བོད་ཀྱི་བུ་མོ་ཚོ་དང་དེའི་ཁྱིམ་གཞིས།







དུས་དང་སྐབས་ད་དུང་དྲིན་ལན་ཅན་གྱི་མི་མང་པོས་གཟུགས་མེད་ཀྱི་བཀའ་རྒྱ་སྣ་ཚོགས་བཏང་སྟེ་དམར་ཕྱོགས་པའི་རང་ལུགས་ཆེས་ཆེར་བརྡོལ་བཞིན་པའི་གཞིས་ཀ་ཞིག་ཏུ་ལོ་ཡི་ཕྲེང་བ་ཁ་ཤས་ཟད་པ་དང༌། མུ་མཐུད་དུ་ཁ་གྲངས་ཤིག་ལོངས་བར་དུ་འཚོ་དགོས་པ་བཅས་སོ།།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།